ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། དགུན་དུས་སུ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་བོད་ཀྱི་ས་གཞི་ཆེ་མོའི་ཐོག་སྐྱོད་སྐབས། བོད་བཟོའི་སྡོད་ཁང་སྟར་པ་མང་པོ་ཡོད་པ་དེ་དག་ལམ་ཟུར་གྱི་བཀྲག་མདངས་འཚེར་སའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།
“དེ་སྔོན་འབྲོག་ཁུལ་དུ་སྡོད་སྐབས་ཁང་པའི་ནང་བཞའ་ཚན་ཆེ་ལ་གྲང་མོ་ཡོད། གྲོང་ཁྱེར་ནང་སྤོས་རྗེས་ཁང་པ་རྒྱ་ཆེ་ལ་དྲོ་སོབ་སོབ་འདུག གླ་པ་རྒྱུག་པའི་ཡོང་འབབ་མཐོ་པོ་འདུག་ལ་འཚོ་བའང་སྟབས་བདེ་འདུག་པས། ང་དངོས་གནས་གྲོང་ཁྱེར་གྱི་འཚོ་བར་དགའ་པོ་འདུག”ཅེས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་དུ་སྤོས་པའི་སྲི་སྐྱིད་ཀྱིས་བརྗོད་པ་དང་། ཁོང་འབྲོག་པ་ཞིག་ནས“གྲོང་ཁྱེར་གྱི་མི”ལ་གྱུར་པ་མ་ཟད། ད་དུང་འཚེམ་བཟོའི་ལས་ཀ་ཞིག་རག་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས། 2019ལོའི་ལོ་མཇུག་བར། བོད་དུ་རྒྱུན་སྡོད་མི་འབོར་བསྡོམས་ཁྲི་350.56ཡོད་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་110.57དང་། གྲོང་གསེབ་ཀྱི་མི་འབོར་ཁྲི་239.99ཡོད། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེར་ཆ་སྙོམས་རང་ལ་དབང་བའི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་པ་དང་། ཞིང་འབྲོག་པ་མི་རེར་ཆ་སྙོམས་རང་ལ་དབང་བའི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་41.5ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྔ་རྗེས་སུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས། གནས་སྤོས་དབུལ་སྐྱོར། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། འགན་ལེན་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་བྱ་ཐབས་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཡོངས་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱས་པས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
གྲངས་གཞི་ལས་མངོན་གསལ། 2016ལོ་ནས་2019ལོ་བར། རིམ་རྩིས་བྱས་ན། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་169.17བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁང་པ་ཁྲི་20.48འཛུགས་སྐྲུན་དང་སྒྱུར་བཀོད་བྱས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1338ཟིན་ནས་ཁྱོན་ཡོངས་ལ་སྡོད་ཁང་འགན་ལེན་ཐུབ་ཡོད་པ་དང་། སྡོད་ཁང་གསར་པ་དེ་དག་ཁོར་ཡུག་སྲུང་སྐྱོང་དང་དྲོད་སྲུང་ཐུབ་པ་མ་ཟད། ད་དུང་ཡོམ་འགོག་ནུས་པ་ཆེན་པོ་ལྡན་ཡོད་པ་རེད།