ལྷ་ཉིང་ལྕགས་ལམ་བཏིང་བ་དང་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད།
རྩེད་གོང་རིམ་མཐོའི་གཞུང་ལམ་དེ་ལྷོ་ཁ་མི་དམངས་ཀྱི“མཐུན་སྒྲིལ་གྱི་ལམ་ཐིག”དང“བདེ་སྐྱིད་ཀྱི་ལམ”དུ་གྱུར་ནས་ལྷོ་ཁ་གྲོང་ཁྱེར་དུ་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ།
ལྷོ་ཁ་གྲོང་ཁྱེར་གྱི་སྨན་རྩིས་ཁང་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་ཀ་པ་རིམ་པ་གསུམ་པའི་མི་རིགས་གསོ་རིག་སྨན་ཁང་ཐོག་མ་དེར་གྱུར།
དེ་དག་ཚང་མ་ལས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མཐོང་ཐུབ། ལོ་ལྔའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པ། ཁུལ་གསར་གྱིས་སྣེ་ཁྲིད་བྱེད་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བཅས་ཀྱི་དགའ་འོས་པའི་རྣམ་པ་ཐོན་ཡོད།
དཔལ་འབྱོར་འཕེལ་རྒྱས་མྱུར་ལམ་དུ་བསྐྱོད་པ།
2019ལོར་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་187.8ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་34650དང་སྒོར་14116ཟིན་ཡོད། 2016ལོ་ནས་2019ལོའི་བར་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་ལོ་རེར་ཆ་སྙོམས་འཕར་ཚད་9.5%ཟིན་ཡོད་པ་རེད།
འདི་ལོ་ལོ་50ལྷག་ཙམ་ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་ཟླ་བ་ནི་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན། འགྲུལ་སྐྱེལ་ཁ་ལོ་བ་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཁོང་གིས་རྩེད་གོང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་མཐོང་སྐབས་དགའ་སྤྲོའི་སེམས་པ་ཡི་གེའི་ལམ་ནས་བརྗོད་ཐབས་བྲལ། “སྔོན་མ་ལམ་རྙིང་པ་བརྒྱུད་རྩེད་ཐང་ནས་ལྷ་སར་སྐྱོད་སྐབས་ཆུ་ཚོད་གསུམ་བཞི་ཙམ་འགོར་གི་ཡོད། ད་ཆ་རིམ་མཐོའི་གཞུང་ལམ་ནས་བསྐྱོད་ན། ཆུ་ཚོད་གཉིས་ལས་འགོར་གྱི་མེད། ལམ་ཐག་ཐུང་དུ་ཕྱིན་པ་དང་འགྲུལ་སྐྱེལ་བྱེད་ཚད་མང་དུ་ཕྱིན་པར་བརྟེན་ཡོང་འབབ་ཀྱང་དེ་དང་ཆབས་ཅིག་མང་དུ་ཕྱིན་སོང”ཞེས་ཟླ་བས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི“འགག་གནད”ལ་དམ་འཛིན་བྱས་ནས་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་འཛུགས་སྐྲུན་བྱས་ཡོད། གྲོང་ཁུལ་ནས་རྫོང་ཁག་དབར་གྱི་རྣམ་གྲངས་གལ་ཆེན་རེ་རེ་བཞིན་ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས་པ་དང་ཡར་ཀླུང་གི་ས་གཞི་ཆེ་མོའི་ཕྱོགས་གང་སར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད།
མཐའ་མཚམས་མང་ཚོགས་འབྱོར་འབྲིང་ལམ་དུ་བསྐྱོད།
“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱས་ཤིང་། ལོ་གསུམ་རིང་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་འབད་འཐབ་བྱས་ནས། གྲོང་གསེབ་དར་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་བཏང་ཡོད།
“འབྱོར་འབྲིང་ཐུབ་མིན་གྱི་འགག་རྩ་ནི་མི་སེར་གྱི་འཚོ་བ་ཇི་འདྲ་ཡོད་མེད་ལ་ལྟ་དགོས”ཏང་དང་སྲིད་གཞུང་གི་རོགས་རམ་འོག ཆུ་གསུམ་རྫོང་ཆུ་མཁར་གྲོང་ཚོའི་བསོད་ནམས་རྡོ་རྗེ་2017ལོའི་ཟླ་12པར་སྐུ་ཁམས་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་སྤོས། ད་ཆ་ཁྱོན་དུད་ཚང་369ཡི་མི་1296དེ་གར་འཚོ་བ་སྐྱེལ་བཞིན་པའི་ནང་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་248ཀྱི་མི་842ཡོད། “སྔོན་མ་ས་ཕག་ཁང་པའི་ནང་སྡོད་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པས་གྲོང་ཚོ་ཨུ་ལྷན་དུ་ཐེངས་གཅིག་བསྐྱོད་པར་ཆུ་ཚོད་4འགོར་གྱི་ཡོད། ད་ཆ་ཐོག་བརྩེགས་ཅན་གྱི་ཁང་པ་གསར་པར་སྤོས་པ་དང་། གཞུང་ལམ་ཡང་ཨར་འདམ་ལམ་ཡིན། ཉེ་འགྲམ་དུ་གླ་པ་རྒྱུག་བདེ་བ་དང་ཕ་ཡུལ་དང་རང་ས་ནས་འབྲལ་མི་དགོས་པ་དང་ཐག་ཉེ་ས་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་ཡུལ་གཞན་དུ་གནས་སྤོས་རྗེས་ཀྱི་འཚོ་བའི་སྐོར་གླེང་སྐབས་བསོད་ནམས་རྡོ་རྗེའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ནས་དབུལ་པོ་ཐོན་ཚད་19.3%ནས་བརྒྱ་ཆ་ཀླད་ཀོར་བར་ཆག་ཡོད།
ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་བྱེད་པ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་སྲུང་དང་། མཐའ་བརྟན། མཐའ་ཕྱུག མཐའ་སྟོབས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་འཆར་འགོད་འཛུགས་སྐྲུན་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་96ཁྲོད་ནས་གྲོང་ཚོ་80བསྐྲུན་ཟིན་པ་དང་དེ་བྱིངས་ཀྱི་གྲོང་ཚོ་16ཕྱི་ལོའི་ལོ་སྟོད་དུ་བསྐྲུན་ཟིན་རྒྱུ་རེད།
བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་67ནས་ལོ་70.6བར་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་ཡོངས་ཀྱི་ས་བབ་སྨི་4000ཡན་གྱི་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་འདུ་འགོད་ལག་བསྟར་བྱས་པས། ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་མངོན་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་སྔར་བས་མཐོ་རུ་ཕྱིན་པ་ཡང་མངོན་ཡོད།
ལྷོ་ཁ་གྲོང་ཁྱེར་དུ་སྔོན་མ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་མེད་པ་དང་ད་ཆ“ཀ་པ་རིམ་པ་གསུམ་པའི་སྨན་ཁང”གཉིས་ཡོད་ཅིང་། འདི་ལོ་ལོ་68ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲོལ་དཀར་ལྷ་མོས་གསར་འགོད་པར“སྔོན་མ་ནད་གཞི་ཕོག་ན་ལྷ་སའམ་ནང་སར་ལྟ་བར་འགྲོ་གི་ཡོད། ད་ཆ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང‘ཀ་པ་རིམ་པ་གསུམ་པའི’སྨན་ཁང་དུ་གྱུར་རྗེས་ནད་གཞི་ཕོག་ན་ལྷོ་ཁར་ལྟ་བར་འགྲོ་གི་ཡོད”ཅེས་བརྗོད་བྱུང་།
“སྔོ་ལྗང་རི་ཀླུང་གིས་ཁྱིམ་གཞིས་མཛེས་པར་བྱ་རྒྱུ”དེ་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྔར་ཡོད་ཀྱི་རྨང་གཞིའི་ཐོག ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་སྣོད་བཅུད་བར་ཁྱམས”བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ལོ་ལྟར་མི་ཁྲི་ཡིས་ལྗོན་ཤིང་མུའུ་ཁྲི་འཛུགས་པའི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད། ད་ཆ་ལྷོ་ཁར“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་ནས། རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་ཏུ་གྱུར་ཡོད་ལ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་7དང་། ཤང(གྲོང་རྡལ)73 གྲོང་ཚོ(གྲོང་ལྷན)518བཅས་ཡོད། ད་ཆ་རྩེད་གོང་རིམ་མཐོའི་གཞུང་ལམ་ནས་སྐྱོད་སྐབས་མི་རྣམས་ཀྱིས་གཞུང་ལམ་གཡས་གཡོན་གཉིས་ཀྱི“ལྗང་མདོག་བར་ཁྱམས”ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། ཆ་སྙོམས་ཞེང་ཚད་སྨི་1800ལྷག་ཙམ་དང་། རིང་ཚད་སྤྱི་ལེ་160ལྷག་ཙམ། རྒྱ་ཁྱོན་མུའུ་ཁྲི་45ཟིན་པ་བཅས་ཀྱི“ལྗང་མདོག་བར་ཁྱམས”ལས་ཡར་ཀླུང་གཙང་པོ་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད།