ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི”ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དམིགས་ཚད་དུ་བྱས་ཏེ་ཞིང་འབྲོག་ཁུལ་འཕེལ་རྒྱས་དང་། ཞིང་འབྲོག་པའི་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་གནད་སྨིན་ཤུགས་འདོན་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་བ་རེད།
ཆབ་སྲིད་ཀྱི་འཇོན་ཐང་ཆེར་གཏོང་གིས་ཏང་འཛུགས་སྐྱོང་གི་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་བ།
ལྷུན་རྩེ་རྫོང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། རྫོང་ཨུད་ཀྱི་ཧྲུའུ་ཅིས་འཐབ་ས་དང་པོར་བཀོད་འདོམས་བྱེད་པ་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིས་སྣེ་འདྲེན་འགོ་ཁྲིད་བྱེད་པ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཙུགས་ནས། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་དང་ལས་འགན་དངོས་སུ་འཁུར་ཐུབ་པའི་འགན་ལེན་གྱིས་གོང་ནས་འོག་བར་སྟོབས་ཤུགས་གཅིག་སྒྲིལ་གྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཡོད།
ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད།
རྩ་འཛུགས་ཀྱི་བྱེད་ནུས་ཆེར་གཏོང་གིས་་ཏང་འཛུགས་སྐྱོང་གི་དམག་འཐབ་མཁར་རྫོང་བརྟན་དུ་བཏང་བ།
ལྷུན་རྩེ་རྫོང་གིས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྨད་ཀྱི“དཔེ་སྟོན་གསུམ་དང་རྟེན་གཞི་གཅིག”འཛུགས་སྐྱོང་གོ་སྐབས་སུ་བྱས་ཏེ“མཐའ་མཚམས་ཏང་འཛུགས་སྐྱོང་གི་བར་ཁྱམས”འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྒོར་ཁྲི་50གཅིག་གྱུར་འཆར་འགོད་ཀྱིས་དམག་ས་མཉམ་སྐྲུན་གྱི་ལས་དོན་སྤེལ་འགོ་བཙུགས་པ། བོད་སྐྱོར་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ་ཡུལ་སྨད་ཀྱི་དམག་ས་མཉམ་སྐྲུན་གྱི་དཔེ་སྟོན་ས་ཚིགས་བསྐྲུན་པ། སྔ་རྗེས་སུ་མཉམ་འབྲེལ་གྲོས་ཚོགས་ཐེངས་15འཚོགས་པ། ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་13བྱས་ནས“མཉམ་སྐྲུན་ལྔ་དང་སྲ་བརྟན་ལྔའི”དམག་ས་མཉམ་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་པ་དང་། “སྐར་མ་བརྒྱད་ཀྱི་ཀྲི་པུའུ”འཛུགས་གཏོད་གོ་སྐབས་སུ་བྱས་ཏེ་གྲོང་ཨུད་ཀྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང《དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ལྷོ་ཁ་གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བཅས་བྱེད་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་གྱུར་པར་བྱས་པ་རེད།
ཞབས་འདེགས་ཞུ་བའི་འཇོན་ཐང་ཆེར་གཏོང་གིས་ཏང་འཛུགས་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
ལྷུན་རྩེ་རྫོང་གིས་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2019ལོའི་ཚུན་དུ་སྲིད་འཛིན་གྲོང་ཚོ་31ལ་མཉམ་སྡེབ་དཔལ་འབྱོར་མེད་པའི་དོན་དངོས་ལ་གཞི་ཚུགས་ཏེ་རྨང་བརྟན་དམངས་ཕན་གྱི་ལས་དོན་དངོས་སྒྲུབ་པའི་གྲོན་དངུལ་སྒོར་ཁྲི་2485བསྡུ་སྒྲིལ་གྱིས་ལྷུན་རྩེ་རྫོང་གཉན་གཞུང་མ་འཇོག་ཀུང་སིའི་མ་རྐང་ལ་ཞུགས་པ་མ་ཟད། ལོ་རེར་རྐང་དངུལ་གྱི་8%ཀྱིས་ཉེན་མེད་གཏན་འཇགས་ཡོང་འབབ་ཀྱི་ཁེ་སྤོགས་བགོས་ཏེ་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་198ལྷག་ཙམ་སྐུལ་ཁྲིད་བྱས་ཡོད།
ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི“གཤམ་སྐྱོད་བཞིའི”གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་ཚོར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་རྩ་འཛུགས་ཀྱི་འགན་ནུས་གཤམ་སྤྲོད་ལ་སྐུལ་འདེད་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱོད་ནས་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ཡོད། ལས་བྱེད་པ་407སྒྲིག་འཛུགས་ཀྱིས་མང་ཚོགས་དུད་ཚང་6440དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་ནས་དུད་ཚང་དུ་སྐྱོད་ཚད་90%ཟིན་པ་དང་། ལས་དོན་དངོས་420བསྒྲུབས་པ། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཐེངས་3800ལྷག་ཙམ་བྱས་པ། རྩོད་གཞི་121བསལ་བ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལ་གྲོང་ཚོའི་ལས་བྱེད་པའི་ལས་རེས་དང་། ཏང་ཡོན་གྱི་རྒྱུན་གཏན་དོ་དམ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་67བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་པ་རེད།