འདི་ནི་པད་མ་ཆོས་འཛོམས་ཀྱིས་ཇ་ཁང་ནང་ལས་ཀ་བྱེད་བཞིན་པ།
འདི་ནི་པད་མ་ཆོས་འཛོམས་ཀྱིས་སྒྱུག་པོ་སྒྱུག་མོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།
མིག་ཡུད་ཙམ་ཞིག་ལ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་པད་མ་ཆོས་འཛོམས་ཀྱི་ཁྱིམ“དབུལ་ཞྭ”ཕུད་ནས་ལོ་4སོང་ཡོད་པ་རེད།
2016ལོར་པད་མ་ཆོས་འཛོམས་ཀྱི་བཟའ་ཟླ་པད་མ་ལྷུན་གྲུབ་ནད་གཞིས་རྐྱེན་པས་ཚེ་ལས་འདས། མ་གཞི་ནས་ལྟོ་གོས་ཕྱིད་ཙམ་ལས་མེད་པའི་ཁྱིམ་ཚང་དེར“ཁྱིམ་གྱི་ཀ་བ”ལྟ་བུའི་བཟའ་ཟླ་མེད་པར་གྱུར་རྗེས་འཚོ་བ་དེ་བས་དབུལ་ཕོངས་ཀྱི་གནས་སུ་གྱར།
ཁྱིམ་དུ་ལོ་ན་རྒས་པའི་སྒྱུག་པོ་དང་སྒྱུག་མོ་གཉིས་ལ་སྲི་ཞུ་བྱེད་དགོས་ལ་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་གཉིས་ཀྱང་གསོ་སྐྱོང་བྱེད་དགོས་སྟབས་པད་མ་ཆོས་འཛོམས་རེ་ཞིག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར། བའི་སྐབས་དེར་སྡེ་ཁུལ་གྱི་ལས་བྱེད་པ་ཁོ་མོའི་ཁྱིམ་དུ་ཡོང་སྟེ་གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད་ཁྱེད་ཀྱི་ཁྱིམ་ངལ་རྩོལ་ནུས་ཤུགས་དཀོན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་ཡིན་ཞེས་བཤད། གནས་ཚུལ་དེ་ཐོས་སྐབས་པད་མ་ཆོས་འཛོམས་ཀྱི་སེམས་གཞི་ནས་ལྷོད་དུ་བབས།
པད་མ་ཆོས་འཛོམས་ཀྱི་གནས་ཚུལ་ལ་དམིགས་ཏེ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཁོང་ལ་སྣོད་བཅུད་ལས་གནས་བཀོད་སྒྲིག་བྱས་པར་ལོ་ལྟར་ཁ་གསབ་སྒོར་3000ལེན་རྒྱུ་ཡོད་ལ། སྡེ་ཁུལ་གྱི་གཙང་སྦྲ་བར་བསྡུས་ནས་ཟླ་རེར་གླ་ཆ་སྒོར་1000ཡོད་པ་རེད། ངལ་རྩོལ་ཡོང་འབབ་དང་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་སྣ་ཚོགས་ལ་བརྟེན་ནས་ལོ་དེར་པད་མ་ཆོས་འཛོམས་ཀྱི་ཁྱིམ་ལ་ཡོང་འབབ་ཁྱོན་བསྡོམས་སྒོར་45946བྱུང་ནས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7657.67ཟིན་ཏེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད་པ་རེད། དབུལ་སྒྲོལ་བྱུང་རྗེས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ཁོ་མོའི་ཁྱིམ་ལ་མུ་མཐུད་དོ་ཁུར་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་རེད། 2019ལོར་སྡེ་ཁུལ་དང་གྲོང་སྡོད་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག འབྲེལ་ཡོད་ཁེ་ལས་ཀྱིས་པད་མ་ཆོས་འཛོམས་ལ་རིན་མེད་ངང་སྡོད་ཁང་གསར་པ་བརྒྱབ་པ་མ་ཟད་ཁོ་མོ་སྡེ་ཁུལ་གྱིས་གཉེར་སྐྱོང་བྱས་པའི་ཇ་ཁང་དུ་ལས་མིར་བསྡུས་པར་ཡང་ཟླ་རེར་གླ་ཕོགས་སྒོར་3000ཡོད་པ་རེད།
པད་མ་ཆོས་འཛོམས་ཀྱིས་གསར་འགོད་པར“སྡོད་ཁང་གསར་པར་ཁང་མིག་བདུན་ཙམ་ཡོད་པས་དེ་ནས་ཁང་མིག་གཉིས་ལ་མཛེས་བཟོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་རྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། གུང་ཁྲན་ཏང་གི་རོགས་རམ་མེད་ཚེ་ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའང་ཡོང་མི་སྲིད། ཏང་གི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བཤད།
ཁྱིམ་ཚང་གི་ལོ་རྒྱུས།
ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱེད་སྐབས་པད་མ་ཆོས་འཛོམས་ཀྱི་སྒྱུག་པོ་དགའ་རྡོར་ལོ་73ལ་སླེབས་པ་དང་། རིམ་པ་དང་པོའི་རྐང་ལག་སྐྱོན་ཅན་ཡིན་པ་མ་ཟད། མིག་གཉིས་ལོངས་ཏེ་ལོ་མང་སོང་ནས་ངལ་རྩོལ་ནུས་པ་མེད་པས་ཆེད་མིས་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ཁོང་གི་སྒྱུག་མོ་པད་མ་ཆོས་འཛོམས(ཁོང་དང་མིང་གཅིག་པ་ཡིན་པ)ལོ་66ལ་སླེབས་པ་དང་ངལ་རྩོལ་ནུས་པ་མེད་པས་ཁྱིམ་དུ་དགའ་རྡོར་ལ་ལྟ་རྟོག་བྱས་ནས་སྡོད་ཀྱི་ཡོད། ཕྲུ་གུ་གཉིས་ལས་གཅིག་ནི་མཐོ་འབྲིང་དང་གཅིག་ཤོས་ནི་སློབ་ཆུང་འགྲིམ་གྱི་ཡོད་པས་པད་མ་ཆོས་འཛོམས་ཀྱི་ཁྱིམ་ཚང་ངལ་རྩོལ་ནུས་ཤུགས་དཀོན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད། 2016ལོར་པད་མ་ཆོས་འཛོམས་ཁྱིམ་གྱི་ཡོང་འབབ་བསྡོམས་འབོར་སྒོར་45946ཟིན་ནས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7657.67ཟིན་པ་དང་། 2019ལོར་ཁྱིམ་ཚང་གི་ཡོང་འབབ་བསྡོམས་འབོར་སྒོར་93279.54ཟིན་ནས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་15546.59ཟིན་ཡོད་པ་རེད།