པ་སྣམ་རྫོང་གི་ཐོན་ལས་ཆེད་ལས་མཉམ་ལས་ཁང་ནི་2008ལོར་བཙུགས་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་མཉམ་ལས་ཁང་སྔ་ཤོས་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་མཉམ་ལས་ཁང་གིས་རང་སྐྱོང་ལྗོངས་དང་། གཞིས་རྩེ་གྲོང་ཁྱེར། པ་སྣམ་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ལྗོངས་པ་སྣམ་ཁམས་བཟང་ཞིང་ལས་ཐོན་ཟོག་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་། ཞིང་དུད་དབར་གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོས་ཏེ་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་བཏང་བ་རེད། མཉམ་ལས་ཁང་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་མཉམ་ལས་ཁང་དུ་བདམས་པ་རེད།
མཉམ་ལས་ཁང་གིས་སྲིད་གཞུང་གི་རྣམ་གྲངས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་བཏང་བ་དང་། སྤུས་ལེགས་ནས་ཀྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་2ལྷག་ཙམ་བསྐྲུན་ཞིང་། དེའི་ནང་མུའུ་400ཡི་ནས་འདེབས་འཛུཌ་རྟེན་གཞིར་སྐྱེ་ལྡན་ནས་ཀྱི་ངོས་འཛིན་ཁས་ལེན་ཐོབ་སྟེ་ནས་ཀྱི་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
མཉམ་ལས་ཁང་བཙུཌ་པ་ནས་བཟུང་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ནས་འདེབས་འཛུགས་རིགས་གཅིག་མཁས་ཅན་གྱིས་ཞིང་ནང་དང་མུ་ཁར་བསྐྱོད་དེ། ཞིང་པར་སློབ་ཚན་ཁྲིད་པ་དང་ཐོན་སྐྱེད་ཀྱི་དཀའ་གནད་སེལ་རོགས་བྱས་པ་རེད། མཉམ་ལས་ཁང་གིས་ཞིང་དུད་སྒྲིག་འཛུཌ་ཐེངས་མང་བྱས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་གཉེར་བའི་འདེབས་འཛུཌ་ལས་རིགས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་ཞིང་དུད་ཀྱི་མཐོང་རྒྱ་ཆེ་རུ་དང་མང་ཚོགས་ཀྱི་ཐོན་སྐྱེད་ཧུར་སེམས་འཕེལ་བར་བྱས་པ་རེད།
ནས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ནང་། མཉམ་ལས་ཁང་གིས་ཐོན་སྐྱེད་དང་གཉེར་སྐྱོང་དབར་འབྲེལ་ཟམ་གྱི་ནུས་པ་ཧུར་ཐག་བཏོན་ནས“ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་པ་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་ཁྱབ་སྤེལ་བཏང་ཞིང་། 2019ལོ་ཁོ་ནར་མཉམ་ལས་ཁང་གིས་པ་སྣམ་ཁམས་བཟང་ཞིང་ལས་ཐོན་ཟོག་འཕེལ་རྒྱས་ཚད་ཡོད་ཀུང་སིར་ནས་སྤྱི་རྒྱ་ཁྲི་600བཙོངས་པས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་རེད།