དབུ་ཤོག>ཆེད་སྒྲིག
  • མལ་གྲོ་གུང་དཀར་རྫོང་གི་བདེ་འཇགས་ཐོན་སྐྱེད་དང་། ཐོན་ལས་འཛུགས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་བཅས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

     ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་དེ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་བདེ་འཇཌ་ཐོན་སྐྱེད་དང་། ཐོན་ལས་འཛུགས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་བཅས་ལ་བརྟག་ཞིབ་གནང་བ་རེད།

    ནོར་བུ་དོན་གྲུབ་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་། རྒྱ་མ་ཤང་ཉམས་བཟོ་ཁང་། མལ་གྲོའི་གྲོང་ཁྱེར་ཐང་ཆེན་གྱི་ཕྱོགས་བསྡུས་ཁྲོམ་ར། མལ་གྲོའི་པད་ཆུང་སྣུམ་འཚག་བཟོ་གྲྭ་བཅས་སུ་ཕེབས་ནས་འབྲེལ་ཡོད་འགན་འཁུར་བ་དང་ཁེ་ལས་ཀྱི་དོ་དམ་མི་སྣའི་སྙན་སེང་གསན་པ་དང་འབྲེལ་གཏིང་ཚད་སྤྱི་ལེ་3གྱི་གཏེར་ཁུལ་དུ་ཕེབས་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སྒྲིག་ཆས་འཛུགས་སྐྲུན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་དོན་འཁྱོལ། ཁེ་ལས་གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད། དེ་རྗེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་སྟེ་མང་ཚོགས་ཀྱི་ཐོན་སྐྱེད་དང་། ལས་ཞུགས། སྨན་བཅོས། སློབ་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་བཀོད་སྒྲིག་རབ་དང་རིམ་པར་གཞིགས་ཏེ་བདེ་འཇགས་ཐོན་སྐྱེད་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འཕྲལ་སྡོམ་དོ་དམ་དང་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་དང་ཉམས་ཞན་ལྷུ་ཚིགས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། འབྲེལ་ཡོད་ཀྱི་བདེ་འཇགས་བྱེད་ཐབས་ལག་བསྟར་ནན་པོ་བྱེད་པ། བདེ་འཇགས་ཀྱི་མ་དངུལ་གཏོང་ཤུགས་དང་། ལས་མིར་བདེ་འཇགས་སློབ་གསོ་གཏོང་ཤུགས། གསོ་སྦྱོང་བྱེད་ཤུགས་བཅས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཞིབ་ཚགས་དང་། དམ་འཛིན་ཏན་ཏིག དམ་འཛིན་ནན་པོ། དམ་འཛིན་ལྷོད་མེད་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།