“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་མི་དམངས་ཀྱི་བདེ་ཐང་དེ་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བདེ་ཐང་མངའ་རིས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། སྨན་བཅོས་ལག་རྩལ་མངོན་གསལ་དོད་པོས་ལེགས་སུ་དང་། སྨན་བཅོས་སྒྲིག་བཀོད་དང་སྒྲིག་ཆས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། བོད་ནུབ་རྒྱུད་ཀྱི་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཁྲི་12.1གི“བདེ་ཐང་དྲ་བ”སྔར་བས་ཚགས་དམ་དུ་ཕྱིན་ཏེ་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
གཏོང་སྒོ་མང་དུ་བཏང་བས་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས“1+7”གྱི་སྨན་ཁང་གི་རིམ་པ་གཏོད་པའི་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་2016ལོ་དང་2018ལོར“ཀ་པ་རིམ་པ་གཉིས་པ”དང“ཁ་པ་རིམ་པ་གསུམ་པ”གཏོད་པའི་དམིགས་ཚད་སྔ་རྗེས་སུ་ལེགས་གྲུབ་བྱས་ཡོད། མིག་སྔར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”སྨན་ཁང་གཏོད་པའི་ལས་དོན་སྤེལ་བཞིན་ཡོད། མངའ་རིས་ས་ཁུལ་སྨན་རྩིས་ཁང་ཡང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་གཏོད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། སྒར་རྫོང་དང་། སྤུ་ཧྲེང་རྫོང་། རྩྭ་མདའ་རྫོང་། རུ་ཐོག་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་ཀྱི་མི་དམངས་སྨན་ཁང“ཁ་པ་རིམ་པ་གཉིས་པའི”སྨན་ཁང་གཏོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
མངའ་རིས་ས་ཁུལ་གྱི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། སྔོན་འགོག བདེ་ཐང་སླར་གསོ་སོགས་གཞི་གཅིག་ཏུ་འདུས་པའི་ཁ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཡིན་པའི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཚན་ཁག་43ཡོད་པ་དང་ནད་ཁྲི་129ཡོད།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནི་མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཧྲའན་ཤིས་ཞིང་ཆེན་གྱིས་སྔ་རྗེས་སུ་སྨན་བཅོས་ཤེས་ལྡན་པ་124མངའ་རིས་སུ་མངགས་ཏེ། ས་ཁུལ་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། པེ་ཅིང་སྨན་ཁང་དང་། ནུབ་རྒྱུད་འཐབ་ཁུལ་སྨན་ཁང་། ཧྲའན་ཤིས་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་པ་གསུམ་པའི་སྨན་ཁང་བཅས་སྨན་ཁང་མང་པོས་རིམ་རྩིས་བྱས་ན། སྨན་དོན་མི་སྣ་218མངགས་ནས་རྫོང་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད།
མང་ཚོགས་ལ་ཞབས་འདེགས་ཞུས་ནས་སྨན་བཅོས་འགན་སྲུང་གཞི་རིམ་ལ་ཁྱབ་པར་བྱས་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་37དང་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་145བསྐྲུན་ཞིང་། ད་ཆ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་དོན་མི་སྣ་353དང་གྲོང་ཚོའི་སྨན་པ་387ཡོད་པས། རྫོང་གཅིག་ལ་ཉུང་མཐར་ཡང་གཞུང་བཙུགས་སྨན་ཁང་གཅིག་དང་། ཤང་དང་གྲོང་རྡལ་གཅིག་ལ་ཉུང་མཐར་ཡང་གཞུང་བཙུགས་འཕྲོད་བསྟེན་ཁང་གཅིག སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་གཅིག་བཅས་ཡོད་པ་མངོན་འགྱུར་བྱུང་ཡོད།
མིག་སྔར་མངའ་རིས་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མར་ཚད་ལྡན་སྨན་པ་དཀའ་བཅུ་པ་དང་མཁོ་ཆོད་སྨན་པ་གཅིག་ཡོད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་གྲོང་གསེབ་སྨན་པ་2ཡོད་པ་བྱས་ནས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་། རྒྱུན་མཐོང་ནད་གཞི་སྨན་བཅོས། ནད་ཚབས་ལྕི་བའི་ནད་པ་ཐོག་མའི་མྱུར་སྐྱོབ་དང་སྨན་ཁང་གཞན་དུ་བསྒྱུར་བ་སོགས་ཀྱི་འགན་འཁྲི་འཁུར་ཐུབ་པ་དང་། སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་སྨན་བཅོས་ཁང་དང་སྨན་རྫས་ཁང་ཡོད་པར་བྱས་ནས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་འཁུར་ཐུབ་པ་བྱས་ཡོད།
ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ཞབས་ཞུའི་ཚད་གཞི་དང་སྨན་བཅོས་ཚད་གཞི་གཞིར་བཟུང་། རྒྱུན་དུ་འགོ་ནད་འགོག་བཅོས་དང་ཁྱིམ་ཚང་སྨན་པའི་དབར་གན་རྒྱ་འཇོག་པ་སོགས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་19ཙམ་དོན་འཁྱོལ་བྱེད་པ་དང་། སྨན་འོས་འཚམ་སྤྲོད་པ་དང་། ལག་རྩལ་འོས་འཚམ་སྤྱོད་པ། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་འོས་འཚམ་སྤྱོད་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་མཐོང་ནད་གཞི་སྨན་བཅོས་བྱེད་བཞིན་ཡོད།
བདེ་དུས་ཉེན་བསམ་གྱིས་སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་སྲུང་བ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱིས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ཚད་དེ་2016ལོའི་91%ནས་2019ལོའི་96.25%བར་འཕར་བ་མ་ཟད། མཆིན་ནད་ལྡེམ་བུ་དང་ཁྱི་སྨྱོན་ནད་སོགས་རང་གྲོན་གཏོང་བའི་རིམས་འགོག་སྨན་ཁབ་ཀྱང་མཁོ་འདོན་བྱས་པ་རེད། ས་ཁུལ་ཡོངས་ཀྱི་འགོ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཚད་བརྟན་པོ་བྱུང་ནས་འཆི་བའི་ནད་དཔེ་དང་ཀ་པའི་རིགས་ཀྱི་འགོ་ནད་ཐོན་མེད། བྱི་རིམས་དང་འདུལ་འདྲིལ་གཅོང་ནད་སོགས་འགོ་ནད་ཚབས་ཆེན་དང་ཡུལ་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། མི་ཐེངས་100492ལ་ཐུམ་འབུའི་ནད་གྲལ་བཤེར་བྱས་པ་དང་། ནད་དཔེ་140གཤགས་བཅོས་བྱས་ཏེ། སྨན་བཅོས་བྱེད་རྒྱུ་ཚང་མར་ཁྱབ་ནས་ཐུམ་འབུའི་ནད་ཕོག་མཁན་ལ་དོ་དམ་བྱེད་ཚད་100%ཟིན་ཡོད། ས་ཁུལ་ཡོངས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་བསྐྲུན་པ། རིམས་འགོག་གི་འཆར་འགོད་དང་དེ་བཞིན་འདི་ལོའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་མང་པོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད།