དབུ་ཤོག>ཆེད་སྒྲིག
  • རང་རྟེན་ལས་གཏོད་བྱས། འཚོ་བ་ལེགས་སུ་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-23

    787929_yis_1606021999757_s.jpg

    འདི་ནི་བདེ་བསམ་གྲུབ་ཀྱི་ནང་མི་ཡིན་པ།

    787930_yis_1606022000974_s.jpg

    འདི་ནི་བདེ་བསམ་གྲུབ་ཀྱིས་ཁྱིམ་དུ་དཔྱད་གཞི་ལེགས་སྒྲིག་བྱེད་བཞིན་པ།

    དེ་སྔ་ཞིང་ཁ་འདེབས་པ་དང་ཕྱུགས་འཚོས་ནས་འཚོ་བ་འཁྱོལ་ཐབས་བྱེད་པའི་བདེ་བསམ་གྲུབ་ཀྱི་ངོས་ནས་བརྗོད་ན། སྔོན་མ་བརྙན་འཕྲིན་ནང་ནས་མ་གཏོགས་མཐོང་མྱོང་མེད་པའི་འཚོ་བ་ད་ཆ་རང་ཉིད་ལའང་སྐྱེལ་རྒྱུ་བྱུང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

    བདེ་བསམ་གྲུབ་ནི་1990ལོར་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོར་སྐྱེས་པ་དང་། ཁོང་དཀའ་བ་སྤྱོད་ནུས་པ་དང་སྡུག་རུས་ཅན་ཞིག་ཡིན་མོད། འོན་ཀྱང་དེ་སྔོན་དཀའ་བ་དུ་མ་སྤྱད་ནས་ཞིང་ཁ་འདེབས་པ་དང་ཕྱུགས་འཚོས་ནའང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་མེད།

    གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལག་ལེན་བསྟར་ཚུན། བདེ་བསམ་གྲུབ་ཀྱིས་སྲིད་ཇུས་ལ་ངོས་འཛིན་གསལ་པོ་བྱུང་རྗེས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ལ་རང་བརྟེན་ལས་གཏོད་བྱ་རྒྱུའི་རེ་འདུན་ཞུས། དེ་ནས་བོད་ཕག་གསོ་ཚགས་ཀྱི་ལས་གཏོད་ལམ་བུར་བསྐྱོད་འགོ་ཚུགས།

    བདེ་བསམ་གྲུབ་ཀྱིས་སྔ་བར་ཕྱི་གསུམ་དུ་ཕག་ཕྲུག་འདེམས་པ་དང་། གཟན་ཆག་སྦྱོར་རྟ་བྱེད་པ། ཕག་ཚང་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ཁོང་གི་འབད་བརྩོན་འོག་ཕག་པ་གསོ་ཚགས་བདེ་བླག་བྱུང་བ་དང་ཆབས་ཅིག ཁོང་གིས་ད་དུང་སྡོང་ཕྲུག་འདེབས་འཛུགས་ཀྱང་བྱེད་འགོ་ཚུགས། བཟའ་ཟླ་ཨོ་རྒྱན་ཆོས་སྒྲོན་ཡང་ལོ་ལྟར་གྱི་ཟླ་བ་ལྔ་པ་དང་དྲུག་པར་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་གི་ཡོད། འཚོ་བ་ཇེ་ལེགས་སུ་ཕྱིན་རྗེས་བདེ་བསམ་གྲུབ་ཀྱིས་ཡུལ་མི་ཚོ་མ་བརྗེད་པར། ཁོང་གིས་གྲོང་ཚོའི་ཡུལ་མི་15སྡོང་ཕྲུག་ར་བ་དང་གསོ་ཚགས་ར་བར་གཡོག་བྱེད་བྱེད་པར་བསྡུས་པ་དང་དེ་ལས་མི་རེར་ལོ་རེར་འབབ་འཕར་སྒོར་6000ལྷག་ཙམ་བྱུང་ཡོད།

    2019ལོའི་ཟླ་11པར། བདེ་བསམ་གྲུབ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁམས་བདེ་ཨུ་ཡོན་ལྷན་ཁང་དུ་སྤོས་པ་དང་གློག་སྐས་ཅན་གྱི་སྤྱི་ཤག་ཏུ་སྡོད་རྒྱུ་བྱུང་ཡོད། “ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་ཡང་དེ་བས་ལེགས་སུ་ཕྱིན་འདུག ད་ལྟ་འཚོ་བ་དངོས་འབྲེལ་སྐྱིད་པོ་འདུག ངས་ཆུ་ཤུར་རྫོང་ནས་སྡོང་ཕྲུག་ར་བ་གཅིག་འགན་གཙང་བླངས་ཡོད། ཁམས་བདེའི་གྲོང་ལྷན་གྱི་དུད་ཚང་106ཁྲོད་ཀྱི་དབང་པོ་སྐྱོན་ཅན་དང་ལས་ཞུགས་ཐུབ་མེད་པའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྩིས་ཡོད”ཅེས་བདེ་བསམ་གྲུབ་ཀྱིས་བརྗོད།

    ཁྱིམ་ཚང་གི་ཡིག་ཚགས།

    བདེ་བསམ་གྲུབ། ཕོ། 1990ལོར་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོར་སྐྱེས། ད་ཆ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁམས་བདེ་ཨུ་ཡོན་ལྷན་ཁང་དུ་སྤོས་ཟིན། དེ་སྔ་ཁོ་པས་ཞིང་ཁ་འདེབས་པ་དང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བའི་སྐབས་སུ་དཀའ་ལས་ཚད་མེད་བརྒྱབ་ཀྱང་ལོ་གཅིག་ལ་ཡོང་འབབ་ཕྲན་བུ་ལས་མེད། 2016ལོར་བདེ་བསམ་གྲུབ་ཀྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་ཤིང་། དབུལ་ཞིང་ཕོངས་པའི་དུས་སུ་ཁོ་པས་འཚོ་བར་བཅངས་པའི་རེ་བ་དོར་མྱོང་མེད་པ། ཁོ་པས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་བོད་ཕག་གསོ་ཚགས་ར་བ་བསྐྲུན་པ་དང་སྡོང་ཕྲུག་ར་བ་འགན་གཙང་བླངས་པ་སོགས་བྱས་པ་བརྒྱུད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ནས། འཚོ་བ་ཉིན་བཞིན་ཇེ་ལེཌ་སུ་ཕྱིན་ཏེ་2017ལོར་རྦད་དེ་དབུལ་སྒྲོལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།