ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲེན་ཞུང་དང་ཀོང་ནན་སོགས་རྫོང་དང་གྲོང་ཁྱེར་དགུ་རྫོང་དབུལ་པོའི་གྲལ་ནས་དབུལ་སྒྲོལ་ཐུབ་པའི་སྐོར་ཟླ་11ཚེས་14ཉིན་ཡུན་ནན་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཡུན་ནན་གྱི་རྫོང་དབུལ་པོ་88ཚང་མ་རྫོང་དབུལ་པོའི་གྲལ་ནས་འབུད་པ་དང་མང་ཚོགས་དབུལ་པོ་དབུལ་པོ་དབུལ་རྐྱང་གི་གནས་ལས་ཐར་ཐུབ་པ་བྱུང་ཡོད། གཏམ་བཟང་དེ་ལས། རྫོང་དབུལ་པོའི་གྲངས་འབོར་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁྲོད་ཨང་དང་པོ་ཡིན་པའི་ཞིང་ཆེན་དེ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ལོ་ངོ་སྟོང་གི་དབུལ་པོ་དབུལ་རྐྱང་གི་རྣམ་པ་ལས་ཐར་བ་མཚོན་ཡོད།
དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱུང་བ།
ཡུན་ནན་གྱི་རྫོང་དབུལ་པོའི་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་བདེ་ཆེན་དང་རྫ་ཆུར་དམིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོར་མཐའ་དར་དམངས་ཕྱུག་གི་འདུ་འགོད་ལག་བསྟར་བྱས་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གལ་ཆེའི་ནང་གི་འགངས་ཆེའི་གནད་དོན་ཐག་གཅོད་བྱས་ནས། ཡུན་ནན་གྱི་ཐོན་ཁུངས་དང་སྟོབས་ཤུགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ་རེད།
“འཚོ་བ་ཡག་པོ་མེད་ན་ཡུལ་ལྗོངས་མཛེས་པོ་ག་ཚོད་ཡོད་ཀྱང་ལྟ་བའི་བསམ་པ་མེད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨུ་ཆེན་ཤང་གི་ལོ་84ལ་སླེབས་པའི་བོད་རིགས་ཨ་མ་རྒན་མོ་ཚེ་སྐྱིད་སྒྲོལ་མས་དེ་ལྟར་བརྗོད། ལས་ཀ་བྱེད་དུས་ལྷམ་ཕུད་ནས་དཔུང་པར་འཁྱེར་ཏེ་ཕངས་སེམས་བྱེད་པ་དང་ཐབ་སྟེང་གི་ཧ་ཡང་དང་ལྕགས་སྒྲོམ་ནི་ཁྱིམ་གྱི་ཅ་དངོས་ངོ་དྲག་ཤོས་ཡིན་པའི་ཡ་ང་བའི་འཚོ་བ་ད་དུང་ཁོང་གི་སེམས་ནང་གསལ་པོར་ངེས་ནས་ཡོད། “ད་ཆ་སོ་ཕག་གི་ཁང་པ་དང་བརྙན་འཕྲིན་བཅས་ཡོད་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཁ་ཤས་ལེན་རྒྱུ་ཡོད”ཅེས་ཨ་མ་རྒན་མོས་སེམས་འགུལ་ཐེབསབཞིན་བརྗོད་བྱུང་།
ཡུན་ནན་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧོང་ཡུན་པོས། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་88ཚང་མ་དབུལ་ཞྭ་ཕུད་པ་མ་ཟད། ཡུན་ནན་གྱི་ལོ་ངོ་མང་པོ་རྦད་དེ་དབུལ་པོ་དབུལ་རྐྱང་གི་ལོ་རྒྱུས་གནད་དོན་ཐག་གཅོད་བྱུང་ཡོད་ཅེས་བརྗོད།
དབུལ་སྒྲོལ་ལ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་གཅིག་ཏུ་འགྲིལ།
ལོ་གཉིས་ཀྱི་གོང་དུ་ལོ་རབས་བརྒྱད་ཅུའི་རྗེས་སྐྱེས་བུད་མེད་ཉེན་རྟོག་པ་ཧུའུ་ཅན་ཁོང་ཝུན་ཧྲན་མེའོ་རིགས་རང་སྐྱོང་ཀྲོའུ་སྤྱི་བདེ་ཅུས་ཀྱིས་ཀོང་ནན་རྫོང་ཀྲུའུ་ཅའོ་ཤང་དུ་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་དང་ཏ་ཕིང་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་བྱེད་པར་བཏང་ཞིང་། ཐོག་མར་གྲོང་མི་ཚོས་ཁོང་ལོ་ན་ཕྲ་བས་ཡིད་ཆེད་དེ་ཙམ་མ་བྱས། དེ་ལྟར་ཁོང་གིས་ཏ་ཕིང་གྲོང་ཚོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་སྐབས། ལོ་ན་མཐོ་བའི་གྲོང་མི་ཚོ་དེའི་ནང་ཞུགས་འདོད་མེད། ཧུའུ་ཅན་གྱིས་ཚང་མ་དང་མཉམ་དུ་ལས་ཀ་བྱས་པས་ཚང་མ་སེམས་སྒུལ་ཐེབས་ཏེ“ཁོང་ནི་ང་ཚོའི་གཉེན་ཉེ་ཡིན”ཞེས་བརྗོད།
“ལྷག་བསམ་རྣམ་དག་གིས་དམངས་ཆེད་བྱ་བ་བསྒྲུབས་ན་གྲོང་མིས་ང་ཚོར་ཡིད་ཆེས་བྱས་ནས་ང་ཚོ་གཉེན་ཉེར་བརྩི་སྲིད”འདི་ནི་ཁོང་གིས་རྒྱུན་དུ་ཤོད་པའི་སྐད་ཆ་རེད། ཁོང་དང་འདྲ་བར་2015ལོ་ཚུན་དུ་ཡུན་ནན་ཞིང་ཆེན་དུ་གྲོང་སྡོད་ཧྲུའུ་ཅི་དང་པོ་ཁྲི་4.85དང་གྲོང་སྡོད་དབུལ་སྐྱོར་ལས་དོན་རུ་མི་ཁྲི་19.47ཡོད་པ་རེད།
ཧོང་ཡུན་གྱིས་ཕུལ་བྱུང་ལས་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་བཏང་ནས་མང་ཚོགས་དབུལ་པོ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་ཚོས་དམངས་སེམས་དང་དམངས་ཀྱི་འདུན་པ་དང་མཐུན་པའི་ལས་ཀ་བསྒྲུབས་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་ལེགས་པར་བསྒྲུབས་ཡོད་ཅེས་བརྗོད་བྱུང་།
“ཆར་པ་ཆེན་པོ་འབབ་པས། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁྲལ་ཆེན་པོ་འདུག”ཐེང་ཁྲུང་གྲོང་ཁྱེར་ཧའོ་ཆའོ་གྲོང་རྡལ་ཏན་ཀྲ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་ཧྲུའུ་གཞོན་པ་ཀུའོ་ཚའེ་ཐིང་གིས་ཆར་པའི་ཁྲོད་རླངས་འཁོར་བཏང་ནས་དུད་ཚང་དབུལ་པོའི་གནོད་འཚེའི་གནས་ཚུལ་ལ་ལྟ་བར་བསྐྱོད་སྐབས་རི་ཉིལ་ནས་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་ལོ་47ཡིན་པ་རེད། 2015ལོ་ཚུན་དུ་ཁྱོན་དབུལ་སྐྱོར་ལས་བྱེད་པ་170ལྷག་ཙམ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་གྲོངས་ཏེ་ཚེ་སྲོག་ལ་བརྟེན་ནས་དམངས་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས་ཡོད།
དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོད།
རྫ་ཆུ་རྫོང་གི་མང་ཅིན་གྲོང་ཚོའི་ལོ་77ལ་སླེབས་པའི་པུའུ་ལང་རིགས་གྲོང་ཚོའི་གྲོང་མི་སུའུ་གོ་ཅ་མི་རབས་གཉིས་ཀྱི་ཕུགས་བསམ་ལས། རི་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་ཐུབ།
“གྲོང་ཚོར་གློག་མེད་པ་དང་མི་མང་པོ་ཞིག་ལ་གྱོན་ཆས་གཅིག་རང་ལས་མེད་པ་དང། དེ་བཀྲུས་ན་ཁྱིམ་དུ་ཡིབ་ནས་སྡོད་དགོས་པའི”འཚོ་བ་སྐྱོ་པོ་དེ་སུའུ་གོ་ཝུན་གྱི་སེམས་ལ་ངེས་ནས་ཡོད། 1951ལོར་ཁོང་གི་ཕ་སུའུ་ལི་ལན་གྱིས་གྲོང་མི་ཚོར་ཕུགས་འདུན་གསུམ་བརྗོད་པ་སྟེ། ནམ་ཞིག་ལམ་རི་སྟེང་བར་བཟོ་རྒྱུ་དང་། ལྕགས་གླང་ལ་བརྟེན་ནས་ཞིང་རྨོ་ཐུབ་པ། ཉིན་མོ་དང་མཚན་མོར་གློག་ཡོད་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད། ད་ཆ་ཁོང་གི་ཕའི་ཕུགས་འདུན་གསུམ་ཀ་མངོན་འགྱུར་བྱུང་བ་མ་ཟད། གང་ཅིའི་ཐད་ད་དུང་དེ་ལས་ལྷག་པ་བྱུང་ཡོད།