དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“གནད་སྨིན་དྲུག”དང་། “ཁག་གཅིག་རེ་ལྔ”“མཚམས་མི་འཇོག་པ་བཞི”སོགས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མཐའ་ཚད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་ཇུས་བསྟར། གནད་སྨིན་ལག་བསྟར་བཅས་མཐའ་འཁྱོངས་བྱས་ཡོད། ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་12ཚང་མ་དབུལ་ཞྭ་ཕུད་ཡོད། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་19.3%ནས་ཀླད་ཀོར་བར་ཆག་ཅིང་། མིག་སྔར་དབུལ་སྒྲོལ་བྱུང་བའི་མི་འབོར་ཁྲོད་ནས་མི་གཅིག་ཀྱང་དབུལ་པོ་བསྐྱར་ལོག་བྱུང་མེད་པ་དང་དབུལ་པོ་གཅིག་ཀྱང་མང་དུ་ཕྱིན་མེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་དབུལ་སྒྲོལ་བྱུང་བའི་མི་འབོར་སླར་ཡང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་འཕྱོངས་རྒྱས་རྟེན་གཞིར་པ་སངས་དང་དབྱངས་ཅན་གྱིས་སྨིན་ཟིན་པའི་ཧོང་ཀྭ་ཆེ་ཆུང་དབྱེ་ནས་སྣོད་ཆས་ནང་བླུག་བཞིན་འདུག ཁོང་ཚོ་ནི་དེ་སྔ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། 2019ལོར་རྟེན་གཞི་བསྐྲུན་རྗེས་ཁོང་གཉིས་དང་ཚོགས་ཆུང་གི་མང་ཚོགས་དུད་ཚང་17རྟེན་གཞིའི་ལས་བཟོ་ངོ་མར་གྱུར་ཡོད།
“ང་ཚོར་ཟླ་རེར་གླ་ཆ་སྒོར་4800ཡོད་པ་དང་ལས་ཀ་བྱེད་ས་ཁྱིམ་དང་ཐག་ཉེ་པོ་ཡོད་པས་ཡོང་འབབ་ཡོད་པ་མ་ཟད། ཁྱིམ་ཚང་ལའང་ལྟ་རྟོག་བྱེད་ཐུབ་པ་དང་འདེབས་འཛུགས་ལག་རྩལ་ཡང་སྦྱོང་ཐུབ་པས་ང་ཚོ་ཚང་མ་ད་ལྟའི་འཚོ་བར་བློ་ཡིད་ཚིམ་པོ་འདུག”ཅེས་པ་སངས་ཀྱིས་ཧོང་ཀྭ་ཐུམ་རྒྱག་བཞིན་གསར་འགོད་པར་དེ་ལྟར་བཤད།
ལྷོ་ཁར་པ་སངས་དང་དབྱངས་ཅན་དང་འདྲ་བའི་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་མཁན་མི་ཉུང་བ་ཞིག་ཡོད།
2016ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོའི་ཐོན་ལས་དབུལ་སྒྲོལ་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ཐོན་ལས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་དོན་འཁྱོལ་བྱེད་པ་དང་། ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ། འཕེལ་རྒྱས་ཀྱི་མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་ལ་བརྟེན་ནས། དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་217ལག་བསྟར་བྱས་པ་དང་རྣམ་གྲངས་206ལེགས་གྲུབ་བྱུང་བ་མ་ཟད། མ་དངུལ་སྒོར་དུང་ཕྱུར་40.4བཏང་བ་དང་མི་ཁྲི་2.8ལ་ཕན་པ་ཐོབ་ཁར་མི་16850ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ལས་ཞུགས་ལས་གནས་གསར་སྤེལ་དང་ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་དབུལ་པོར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ན་ནིང་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་མི་ཐེངས་16149ལས་ཞུགས་དབུལ་སྒྲོལ་བྱུང་ཡོད།
ཐ་སྐྱོང་འགན་སྲུང་བྱས་ནས་མང་ཚོགས་དབུལ་པོའི་འཚོ་བ་འགན་ལེན་བྱས་པ།
སྔོན་མ། གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གསེར་ཀོང་གྲོང་ཚོའི་ལོ་75ལ་སླེབས་པའི་སྐལ་བཟང་བསོད་ལེགས་ཁྱིམ་ལ་ནང་མི་5ཡོད་པའི་ནང་ནས་མི་3ནད་པ་ཡིན་པས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་2ལས་མེད། ཐ་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། སྐལ་བཟང་བསོད་ལེགས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆ་ཁོང་གིས་སྲིད་ཇུས་ཀྱི་ཁ་གསབ་སྣ་ཚོགས་ལོངས་སྤྱོད་བྱེད་པ་མ་ཟད། ད་དུང་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའི་དངུལ་ཡང་ལེན་གྱི་ཡོད། “ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ཁྱིམ་ལ་དཀའ་ངལ་འཕྲད་སྐབས་ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་གནང་བྱུང”ཞེས་སྐལ་བཟང་བསོད་ལེགས་ཀྱིས་བཤད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་དང་། ཐ་སྐྱོང་འགན་ལེན། གནད་སྨིན་དབུལ་སྐྱོར། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། སྲིད་ཇུས་སྦྲེལ་མཐུད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་ནུས་པ་འདོན་སྤེལ། དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་རོགས་རམ་ཤུགས་ཆེན་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་དཀའ་ངལ་ཡོད་པའི་མང་ཚོགས་དང་དམིགས་བསལ་ཚོགས་སྤྱིའི་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད།
དེ་དང་ཆབས་ཅིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་བྱ་ཆེད། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དེ་2016ལོར་མི་རེར་ཟླ་རེར་སྒོར་640ནས་མི་རེར་ཟླ་རེར་སྒོར་847བར་སྤར་བ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དེ་2016ལོར་མི་རེར་ལོ་རེར་སྒོར་2550ནས་མི་རེར་ལོ་རེར་སྒོར་4713བར་སྤར་བ་རེད།
སྣོད་བཅུད་ཁ་གསབ་བྱས་པས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན།
“སྔོན་མ། གྲོང་ཚོའི་མཐའ་འཁོར་ཚང་མ་གྲམ་ཐང་ཡིན་པ་དང་། བྱེ་རླུང་ལྡང་མང་བ་དང་ཁོར་ཡུག་ཀྱང་ཞན་པས། མི་རྣམས་དེ་གར་སྡོད་འདོད་བྱེད་ཀྱི་མེད། སྔོན་མའི་འཚོ་བའི་སྐོར་གླེང་སྐབས། གྲ་ནང་རྫོང་རྔ་སྒྲ་ཤང་རྔ་སྒྲ་གྲོང་ཚོའི་སྔོན་མའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚེ་དབང་ཕྱུག་གི་བློ་ལ་གསལ་པོར་ངེས་ནས་ཡོད། ཁོང་གིས“ས་ཆ་ཚང་མ་བྱེ་མ་ཡིན་པ་དང་གནམ་ཆུར་བརྟེན་དགོས་པ་དང་ཞོག་ཁོག་ཙམ་ལས་འདེབས་རྒྱུ་མེད། ད་ལྟ་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པར་བྱེ་རླུང་ལྡང་ཚད་ཉུང་དུ་ཕྱིན་པ་དང་ས་ཞིང་ཡག་པོ་འདེབས་ཐུབ་པ་མ་ཟད། ཐོན་ཚད་ཀྱང་ལེགས་པས་འཚོ་བ་ཡང་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་བརྗོད་བྱུང་།
བསྡོམས་རྩིས་བརྒྱབ་པར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་མིག་སྔའི་བར། གྲོང་ཁྱེར་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་18ཙམ་བཏང་ནས་སྣོད་བཅུད་དབུལ་སྐྱོར་ཐོན་ལས་རྣམ་གྲངས་30ལག་བསྟར་བྱས་ཏེ་དཔལ་འབྱོར་འབྲས་ཤིང་མུའུ་ཁྲི་4ཙམ་བཏབ་པ་དང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་4.5བྱས་པ། བྱེ་འགོག་བྱེ་བཅོས་མུའུ་ཁྲི་40ལེགས་སྒྲུབ་བྱས་པ། ཞིང་ཆུ་འདྲེན་ཁུལ་སོགས་ལེ་ལག་ཚང་བའི་ཆུ་བེད་སྒྲིག་བཀོད་དུས་གཅིག་ཏུ་ལག་ལེན་བསྟར་བ་བཅས་བྱས་པས“བྱེ་རླུང་ལྡང་ན་མི་བྲོས་འགྲོ་བའི་རྣམ་པ”གཏན་འགོག་ནུས་ལྡན་ཐུབ་ཡོད།
ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་མང་ཚོགས་ཚོས་སྣོད་བཅུད་བཟང་པོ་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད། “རི་སྟེང་དུ་སྔོ་ཁེབས་མང་དུ་ཕྱིན་པ་དང་བསྟུན་ནས་ནགས་ཁྲོད་ཐོན་ཁུངས་ཀྱང་མང་དུ་ཕྱིན་ཡོད”ལྷ་ཁང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཟླ་བས་གསར་འགོད་པར་བེ་ཤ་སོས་པ་རྒྱ་མ་གང་ལ་སྒོར་བརྒྱད་ཅུ་དགུ་བཅུ་རག་གི་འདུག རླུང་རྟ་རྒྱུགས་པའི་སྐབས་སུ་ཉིན་གཅིག་ལ་བེ་ཤ་རྒྱ་མ་ཁ་ཤས་སྒྲུག་ཐུབ་པ་དང་། ལོ་གཅིག་གི་རིང་ཁྱིམ་ཚང་ཚང་མར་བེ་ཤ་ཚོང་པའི་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་རག་གི་ཡོད”ཅེས་བརྗོད་བྱུང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་དུ་སྡོང་ཕྲུག་རྟེན་གཞི་73ཡོད་པ་དང་། འདི་ལོ་ཁོ་ནར་སྡོང་ཕྲུག་ཁྲི་2016དང་མྱུ་གུ་ཁྲི་241སྐྱེད་སྲིང་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་2892ཟིན་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་8ལས་ཞུགས་ཐུབ་པ་མ་ཟད། མི་རེར་ཆ་སྙོམས་འབབ་འཕར་སྒོར་1856བྱུང་ཡོད། གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་2016ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྣོད་བཅུད་ལས་གནས་16000བཀོད་སྒྲིག་བྱས་པ་དང་མི་རེར་ལོ་རེར་ཁ་གསབ་སྒོར་3500སྤྲད་དེ་མང་ཚོགས་དབུལ་པོ་མགྱོགས་མྱུར་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།