དབུ་ཤོག>ཆེད་སྒྲིག
  • ཐབས་མང་མཉམ་སྤྱོད་བྱས། འབྱོར་འབྲིང་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-20

    2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་བླངས་པའི་རྔམ་བརྗིད་ལྡན་པའི་དམ་བཅའ་ཞིག་རེད། ཉེ་བའི་ལོ་ཤས་རིང་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དོན་འཁྱོལ་བྱས་ཡོད། མིག་སྔའི་བར་ཉིང་ཁྲི་གྲོང་རྡལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་77གྱི་མི་228ཚང་མ་དབུལ་སྒྲོལ་ཐུབ་ཡོད།

    ཁྱད་ལྡན་ཐོན་ལས་དར། དབུལ་སྒྲོལ་འགན་ལེན་བྱུང་།

    “དེ་སྔོན་ཁྱིམ་ཚང་གི་ཡོང་ཁུངས་གཙོ་བོ་ནི་ཞིང་རྨོ་བ་དང་ཕྱུགས་འཚོ་བ་ཡིན། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་ནས་སྲིད་གཞུང་གིས་བོན་རི་མཛེས་ལྗོངས་ཁུལ་དུ་ཆེད་མངགས་ང་ཚོར་ཡུལ་ཟོག་ཕྱིར་ཚོང་ས་ཚིགས་བཙུགས་པ་དང་། རང་ཉིད་ཀྱིས་བཏབ་པའི་ཤིང་འབྲས་སྒོ་རྩར་འཚོང་ཆོག་པས་ཡོང་འབབ་དེ་སྔོན་ལས་མང་བ་འདུག”ཅེས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་མྱང་ངོ་རང་བྱུང་གྲོང་ཚོའི་པད་མ་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་བརྗོད།

    ཐོན་ལས་དར་ན་དཔལ་འབྱོར་དར། ཀླུ་སྟེང་གྲོང་ཚོས་རང་བྱུང་གི་ལེགས་ཆར་བརྟེན་ནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཀྱང་སྐྱེད་སྲིང་བྱས་ནས་གྲོང་ཚོའི་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ཡོད། 2016ལོར་སྒོར་ཁྲི་46བཏང་ནས་བསྐྲུན་པའི་ཀླུ་སྟེང་གྲོང་ཚོའི་ལུག་གསོ་ཚགས་ར་བར་ལུག་མགོ་གྲངས་350ཡོད་པ་དང་ད་ཆ་ལུག་དང་། བལ། རིལ་མ་བཅས་བཙོངས་པ་ལས་དུད་ཚང་རེར་ལོ་ལྟར་བགོ་འགྲེམས་སྒོར་3000ལྷག་ཙམ་ཡོད།

    ཏང་འཛུགས་སྐྱོང་དམངས་དང་མཐུན། དབུལ་སྒྲོལ་ལ་གདིང་ཤུགས་ལྡན།

    “གྲོང་ཚོའི་ཏང་ཡོན་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གནངས་ཆགས་ཀྱིས་ང་ཚོར་གོས་བཀྲུ་བ་དང་ལྟོ་ཆས་བཟོ་བར་ཡོང་གི་ཡོད་ལ། རྟག་ཏུ་འཚོ་བར་དཀའ་ངལ་གང་ཡོད་མེད་འདྲི་བར་ཡོང་བ་དང་། ཁྱིམ་གྱི་མཁོ་ཆས་རྫོགས་ཚེ་འཕྲལ་མར་ཉོ་རོགས་བྱེད་ཀྱི་ཡོད། དེ་གོང་ངའི་ཁྱིམ་ལ་ཉམས་བཟོ་བྱེད་རོགས་བྱས་བྱུང་། གྲོང་ཚོའི་ཏང་ཡོན་གྱིས་ང་རང་གཉེན་ཉེ་ལྟ་བུར་བརྩི་ཡི་ཡོད་པས་འཚོ་བ་དྲོ་སྐྱིད་ལྡན་པ་ཞིག་འདུག”ཅེས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་དུད་ཚང་དབུལ་པོ་ལྷག་པས་ཉམས་བཟོ་བྱས་པའི་སྡོད་ཁང་གསར་པར་ལྟ་བཞིན་དེ་ལྟར་བརྗོད།

    དབུལ་སྒྲོལ་བརྟན་དུ་གཏོང་བའི་ལས་དོན་ཏན་ཏིག་སྤེལ་ཆེད། སྤང་སྣེ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་དང་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ཡོད། སྤང་སྣེ་གྲོང་ཚོའི་ཏང་ཀྲི་པུས་རིམ་ཁག་དབུལ་སྐྱོར་དྲིལ་བསྒྲགས་ལས་དོན་དང་ཏང་ཡོན་གྱི་གཏན་འཇགས་བྱེད་སྒོའི་ཉིན་མོར་བརྟེན་ནས་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་སྤྲད་པ་དང་། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་འོས་འགན་རོགས་རམ་ཐེངས་200ལྷག་ཙམ་བྱས་པ། “ལས་བྱེད་པ་སྟོང་གིས་མི་སྟོང་ལ་རོགས་སྐྱོར་བྱེད་པའི”དྲིལ་བསྒྲགས་སྒྲོམ་བཏོད་དེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དབུལ་སྐྱོར་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་གྲོང་ཚོའི་དབུལ་སྐྱོར་ལས་དོན་གྱི་འཕེལ་རིམ་རྟོགས་པར་བྱས་ཡོད།

    འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ། དབུལ་སྒྲོལ་ལ་རེ་བས་ཁེངས།

    “2000ལོའི་ཡས་མས་སུ་ང་ཚོའི་གྲོང་ཚོར་རྨོ་ཞིང་མུའུ་651ལས་མེད་པ་དེའི་མུའུ་རེའི་ཐོན་འབབ་རྒྱ་མ་400ཡང་ལོན་གྱི་མེད་ལ། མང་ཚོགས་ཀྱི་ཡོང་ཁུངས་ཀྱང་ཕྱིར་གླ་པ་རྒྱུག་པ་དང་མཉམ་སྡེབ་རྩྭ་རའི་བོགས་དངུལ་ལས་མེད། མཉམ་སྡེབ་དཔལ་འབྱོར་ཞན་པ་དང་ཡོང་ཁུངས་རྐྱང་པ་ཡིན”ཞེས་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་ནོར་གྱིས་ངོ་སྤྲོད་བྱས།

    ཏང་གི་སྲིད་ཇུས་བཟང་པོའི་འོག ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་2012ལོར་ཆུ་འཁོར་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པ་དང་བརྔ་བསྡུ་འཕྲུལ་འཁོར་དང་། འབྲུ་འདོན་འཕྲུལ་འཁོར་ཁག་གཅིག་ཉོས་ནས་ཞིང་འབྲོག་པའི་ངལ་ནུས་བཅིངས་འགྲོལ་བཏང་བ་མ་ཟད། ད་དུང་ཞིང་འབྲོག་པའི་ཐོན་སྐྱེད་ལ་སྟབས་བདེ་བསྐྲུན་པ་དང་ཞིང་ལས་འཕྲུལ་འཁོར་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད། གཞན་ཡང་། 2016ལོར་ས་རྒྱ་མུའུ་112ཟིན་པའི་བྱ་གསོ་ར་བ་བསྐྲུན་ནས་གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་ས་ཆའི་བོགས་དངུལ་སྒོར་ཁྲི་4.5ལྷག་ཙམ་རག་ནས་གྲོང་ཚོའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། 2017ལོར་བྲག་ཡིབ་ཆུས་དང་ཉིང་ཁྲི་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་མ་དངུལ་སྒོར་ཁྲི་563བཏང་ནས་ཀུ་ཤུ་འདེབས་འཛུགས་རྣམ་གྲངས་དོན་འཁྱོལ་བྱས་པ་དང་། དུད་ཚང་རེས་ཀུ་ཤུའི་ལྡུམ་རར་ངལ་ནུས་བཏང་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲིའི་ཡས་མས་རག་པས“ཀྲི་པུས་སྣེ་ཁྲིད་བྱེད་པ་དང་། རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་གྱིས་སྐུལ་འདེད་གཏོང་བའི”རྣམ་པ་ཞིག་ཆགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།