2013ལོར། བུ་ཆུང་ལོ་6རིང་ལས་ཀ་བྱ་ཡུལ་ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་གནམ་གཤིས་དང་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ནས་ཁ་བྲལ་ཏེ་ཕ་ཡུལ་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ཁྱུང་རྩེ་གྲོང་ཚོར་ལོག་པ་དང་། འདེམས་བསྐོ་བྱས་པ་བརྒྱུད་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིར་གྱུར་པ་རེད།
ད་ཆ། བུ་ཆུང་གིས་ཁྱུང་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གྱི་འགན་ཁུར་ནས་ལོ་3འགྲོ་གི་ཡོད། ཁྱུང་རྩེ་གྲོང་ཚོའི་མང་ཚོགས་དབུལ་པོས་སྔ་ས་ནས་དབུལ་ཞྭ་ཕུད་ཡོད་མོད། འོན་ཀྱང་བུ་ཆུང་གིས་སྔར་བཞིན་ལྷོད་གཡེང་གཏོང་གི་མེད། ཁོང་གིས“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས། དེར་ལྷོད་གཡེང་གཏོང་བའི་བསམ་པ་གཏན་ནས་ཡོད་མི་རུང་། མིག་སྔའི་དུས་བབ་དང་དཀའ་ངལ་གསལ་པོ་ཤེས་པར་བྱས་ཏེ་འགན་འཁྲི་ཁུར་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས”ཞེས་གསར་འགོད་པར་བརྗོད།
བུ་ཆུང་གིས་ལས་ཀའི་ནང་དོན་སྣ་ཚོགས་ཟིན་བྲིས་བརྒྱབ་ཡོད་ཅིང་། ད་ལོའི་འཕེལ་རྒྱས་གཏོང་ཚུལ་ཐད་བུ་ཆུང་ལ་བསམ་ཚུལ་གསལ་པོ་ཡོད་པ་སྟེ། མཉམ་སྡེབ་དཔལ་འབྱོར་སྔར་བས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཡུལ་མིའི་ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་པ། ཡུལ་མིའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ་དང་ཁྲོམ་རའི་འདུ་ཤེས་ཟབ་ཏུ་གཏོང་བ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཤུགས་ཆེན་སྤེལ་བ། ཆུ་ཡུར་གཤོང་བ་དང་འབྲུབ་འགོག་ཐན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་སོགས་རེད།
བུ་ཆུང་སློབ་གྲྭ་ཆེ་མོར་འགྲོ་བའི་ཕུགས་འདུན་འགྲུབ་མེད་རུང་། ད་ཆ་ཕ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཁོང་གི་ཤེས་བྱ་སྤྱོད་ཡུལ་དང་ཕུགས་འདུན་སྒྲུབ་ཡུལ་དུ་གྱུར་བ་ལས་ལས་ཀ་ག་ཚོད་བྱས་པ་དེ་ཙམ་གྱིས་ཁ་ཕྱོགས་གསལ་དུ་དང་ངར་ཤུགས་ཆེ་རུ་འགྲོ་གི་འདུག་ཅེས་བཤད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བུ་ཆུང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་འགག་རྩ་ནི་ཏང་ཡིན་པས། གཞི་རིམ་ཏང་རྩ་འཛུགས་རྒྱ་སྟོབས་ཆེ་རུ་ཕྱིན་ན་དབུལ་སྒྲོལ་འགག་སྒྲོལ་ཡང་དངོས་འབྲེལ་མངོན་འགྱུར་ཐུབ་པའི་ངོས་འཛིན་གཏིང་ཟབ་བྱུང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་བུ་ཆུང་གིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིར་གཞོགས་འདེགས་བྱས་ཏེ་ཕྱོགས་གཅིག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱས་ནས་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་ཏང་ཡོན་དང་དུད་ཚང་དབུལ་པོ་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་ལག་ལེན་བསྟར་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
གྲོང་ཚོའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། བུ་ཆུང་གིས་དབུལ་པོ་ཆགས་རྐྱེན་བཙལ་ནས་ཕྱུག་འགྱུར་གྱི་ཐབས་བཟང་བཏོན་ཡོད་པ་སྟེ། གཅིག་ནི་སྔོན་ཐོན་ཚན་རྩལ་ལ་བརྟེན་པ་དང་། གཉིས་ནི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་རྒྱུ་དེ་རེད།
ཁྱུང་རྩེ་གྲོང་ཚོ་ནི་ཞིང་ལས་གྲོང་ཚོ་ཞིག་ཡིན་པས་ནས་འདེབས་རྒྱུ་གཙོ་བོར་བྱེད་པ་དང་། དོ་དམ་ཞིབ་ཚགས་པོ་མེད་པ་དང་ཚན་རྩལ་འདུས་ཚད་ཉུང་བ་སོགས་ཀྱི་རྐྱེན་པས་དུས་ཡུན་རིང་པོར་ཐོན་འབོར་མང་དུ་ཕྱིན་མེད། 2017ལོར། བུ་ཆུང་གིས་བསམ་གྲུབ་རྩེ་ཆུས་དང་རྒྱ་མཚོ་གཞུང་ཤང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་འབྲེལ་མཐུད་དམ་ཟབ་བྱས་ནས་གྲོང་ཚོར་ཧི་མ་ལ་ཡའི་ནས་ཨང་22གྱི་ས་བོན་མུའུ་600ལྷག་ཙམ་བཏབ་པ་དང་འབྲེལ། ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དོ་དམ་ལ་ཤུགས་སྣོན་བརྒྱབ་པས་ལོ་དེར་ནས་མུའུ་རེའི་ཐོན་ཚད་རྒྱ་མ་900ལྷག་ཙམ་ཟིན་ནས་དེ་སྔ་དང་བསྡུར་ན་ལྡབ་མང་པོ་འཕར་ཡོད་པ་རེད། 2019ལོར། ཁྱུང་རྩེ་གྲོང་ཚོས་ཧི་མ་ལ་ཡའི་ནས་ཨང་22པའི་སྣ་ཁ་གསར་པ་མུའུ་1700ལྷག་ཙམ་བཏབ་པར་སླར་ཡང་ལོ་ལེགས་བྱུང་ཡོད། ནས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་ཆེད། བུ་ཆུང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་བློ་བསྡུས་དགེ་འཚོལ་བྱས་ཏེ་ཡུལ་མི་ཡོངས་སྐུལ་སློང་བྱས་ནས་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་དང་། 2019ལོར་ཁྱོན་ནས་རྒྱ་མ་ཁྲི་52བཙོངས་ཐུབ་པ་བྱུང་ཡོད། ད་ཆ། ཁྱུང་རྩེ་གྲོང་ཚོས་ཐབས་ཤེས་བཏང་ནས་མ་དངུལ་གྲབས་གསོག་བྱས་ཏེ་མཉམ་ལས་ཁང་གི་གཞི་ཁྱོན་དང་ཐོན་རྫས་ཀྱི་སྣ་ཁ་མང་དུ་བཏང་ནས་མཉམ་སྡེབ་དཔལ་འབྱོར་དེ་ཡུལ་མིའི་འབབ་འཕར་གྱི་ཐབས་ལམ་བཟང་པོ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་བཞིན་ཡོད།
ད་ཆ་ཁྱུང་རྩེ་གྲོང་ཚོའི་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་ལེགས་པ། གྲོང་ཚོའི་བཀོད་པ་དང་གྲོང་མིའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་མོད། འོན་ཀྱང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ལས་སྒྲུབ་ལས་གཏོད་ཀྱི་བུ་ཆུང་གི་ཐོག་མའི་བསམ་འདུན་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་གང་ཡང་ཕྱིན་མེད།