དབུ་ཤོག>ཆེད་སྒྲིག
  • གྲོང་མིའི་སྣེ་ཁྲིད་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཡོན་ཏན་རྒྱ་མཚོ།   |     སྤེལ་དུས།  2020-11-20

    ལོ་42ལ་སླེབས་པའི་ཡོན་ཏན་རྒྱ་མཚོ་ནི་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་རྩྭ་ར་གྲོང་ཚོ་ནས་ཡིན་ཞིང་། དེ་སྔ་ས་གནས་དེ་གའི་མི་མང་ཆེ་བས་རི་ནས་བཀོག་པའི་བེ་ཤ་མང་ཆེ་བ་ཁྲོམ་རར་སིལ་ཚོང་བྱེད་ཀྱི་ཡོད་པས་ཡོང་འབབ་དེ་ཙམ་བརྟན་པོ་མེད། ད་ཆ་མཉམ་ལས་ཁང་གིས་གྲོང་མིས་བཀོག་པའི་བེ་ཤ་གཅིག་སྡུད་ཐུམ་སྒྲིལ་བརྒྱབ་སྟེ་འཁྱག་མཛོད་རླངས་འཁོར་གྱིས་འཕྲལ་མར་ལྷ་སར་དབོར་གྱི་ཡོད། “ཉོས་པ་ནས་ལྷ་སར་དབོར་བའི་བར་ཆུ་ཚོད་30ཙམ་ལས་འགོར་གྱི་མེད”ཅེས་ཡོན་ཏན་རྒྱ་མཚོས་ངོ་སྤྲོད་བྱས།

    འབྲུག་ལ་ཤང་གི་བེ་ཤ་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་2009ལོར་བཙུགས་ཤིང་། མཉམ་ལས་ཁང་གི་འཕེལ་རྒྱས་སྐོར་གླེང་སྐབས་ཡོན་ཏན་རྒྱ་མཚོས་མཉམ་ལས་ཁང་གི་གནས་ཚུལ་མང་པོ་གླེང་འགོ་བརྩམས།

    2009ལོར་ལས་སྒོ་འཕེར་བའི་ལོ་དུས་སུ་སླེབས་པའི་ཡོན་ཏན་རྒྱ་མཚོ་སྔར་བཞིན་རང་གི་མདུན་ལམ་ལ་སེམས་ཁྲལ་བྱས་ནས་བསྡད་ཡོད། “དེ་དུས་ཕ་མ་གཉིས་ཀྱི་གཟུགས་པོ་ཐང་པོ་མེད་པས་བེ་ཤ་འགོག་པའི་ལས་འགན་ཚང་མ་ངའི་ཕྲག་ཏུ་བབས་བྱུང” གྲོང་གསེབ་ཏུ་བེ་ཤ་འགོག་པ་ནི་ལོ་གཅིག་གི་དོན་ཆེན་རེད། བྱ་བ་གཞན་ལ་ལྷོད་གཡེང་བྱ་ཆོག་ནའང་བེ་ཤ་འགོག་པར་ལྷོད་གཡེང་གཏན་ནས་བྱ་མི་རུང་། གང་ཡིན་ཟེར་ན་བེ་ཤ་ཡག་པོ་བཀོག་ཡོད་མེད་ཀྱིས་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་མང་ཉུང་ཐག་གཅོད་བྱེད། “ང་ཉིན་ལྟར་ཐོ་རེངས་ཆུ་ཚོད་བཞི་པར་ཁྱིམ་ནས་ཐོན་ཏེ་རིར་ཉུང་ཤོས་ལའང་ཆུ་ཚོད་11བེ་ཤ་བཀོག་ནས་སྡོད་དགོས་ཀྱི་ཡོད། ངས་མང་ཤོས་སྐབས་བེ་ཤ་རྒྱ་མ་10ཙམ་འགོག་ཐུབ་བྱུང”མ་གཞི་མང་པོ་བཀོག་ཡོད་ཀྱང་ཡོང་འབབ་བརྟན་པོ་མེད་པའི་དབང་གིས་ཡོན་ཏན་རྒྱ་མཚོར་བློ་ཕམ་ཆེན་པོ་བྱུང་ཡོད།

    དེར་བརྟེན་ཡོན་ཏན་རྒྱ་མཚོས་མ་དངུལ་སྒོར་ཁྲི་300གྲབས་གསོག་བྱས་ནས་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་དུ་བེ་ཤ་ལས་སྣོན་ཞིང་པའི་མཉམ་ལས་ཁང་བཙུགས་པ་དང་ཞིང་འབྲོག་པ་མ་རྐང་ལ་ཞུགས་སུ་བཅུག་སྟེ་ཁེ་སྤོགས་བགོ་འགྲེམས་བྱས་ཡོད། 2017ལོར་མཉམ་ལས་ཁང་གིས་མ་རྐང་ལ་བཞག་པའི་དངུལ་ཚང་མ་མཉམ་ལས་ཁང་གི་ཁོངས་མིར་ཕྱིར་བསློགས་པ་རེད། སྤུས་ཀ་ལེགས་པའི་བེ་ཤའི་ཐོན་ཟོག་གིས་མཉམ་ལས་ཁང་ལ་ཡོང་འབབ་ཡག་པོ་བྱུང་ཞིང་། 2017ལོར་མཉམ་ལས་ཁང་གི་བེ་ཤ་ཐོན་ཚད་ཏུན་50ཟིན་པར་ཡོང་འབབ་སྒོར་ཁྲི་163བྱུང་ཡོད།

    དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱང་མཉམ་ལས་ཁང་གི་འཕེལ་རྒྱས་གཙོ་བོ་གཏོང་བའི་རྣམ་གྲངས་ཀྱི་གྲས་ཤིག་རེད། འོན་ཀྱང་ཉོ་སྒྲུབ་ཀྱི་ཕན་འབྲས་དེ་ཙམ་ཡག་པོ་བྱུང་མེད། དེར་བརྟེན་ཡོན་ཏན་རྒྱ་མཚོས་གྲོང་ཚོའི་དུད་ཚང་ཁག་གཅིག་ཏུ་འདྲི་རྩད་དུ་སྐྱོད་སྐབས། འབྲུག་ལ་ཤང་དཔུང་དཀར་གྲོང་ཚོ་ནི་ས་གནས་དེ་གའི་གྲོང་མིས་དབྱར་རྩྭ་དགུན་འབུ་འཐུ་སའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པ་ཤེས། འོན་ཀྱང་ས་ཆ་དེ་བོད་ལྷོ་རྒྱུད་ཀྱི་རོང་ས་ནས་བོད་ཤར་རྒྱུད་ཀྱི་རི་མཐོའི་གྲོག་རོང་གི་བར་བརྒལ་མཚམས་སུ་གནས་ཡོད་པས། དེ་ནི་གྲོག་རོང་གཏིང་ཟབ་པའི་རི་མཐོའི་ལུང་ཤུར་གྱི་ས་དབྱིབས་ཁོངས་སུ་གཏོགས་ཀྱི་ཡོད། རང་བྱུང་ཁོར་ཡུག་ཞན་པའི་དབང་གིས་གཞུང་ལམ་དང་ཟམ་པ་སྐྲུན་པར་ཚོད་འཛིན་ཕོག་པ་མ་ཟད། གྲོང་མི་ཚོའི་ཐོན་སྐྱེད་འཚོ་བར་ཡང་ཚད་བཀག་ངེས་ཅན་བཟོས་ཡོད།

    “ལམ་ཡང་ཡག་པོ་བཟོ་ཐུབ་མེད་པས། དབུལ་སྒྲོལ་ཕྱུག་འགྱུར་ནི་གླེང་ཐབས་བྲལ”ཞེས་ཡོན་ཏན་རྒྱ་མཚོས་འུ་ཐུག་ཐབས་ཟད་སྒོ་ནས་བཤད། ཁོང་གིས་འཕྲལ་མ་ཉིད་དུ་མ་དངུལ་གྲབས་གསོག་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རི་མཐོའི་གྲོག་རོང་ངོགས་གཉིས་ལ་ཟམ་པ་བསྐྲུན་ཡོད། ཟམ་པ་སྐྲུན་རིང་ཡོན་ཏན་རྒྱ་མཚོས་རྦད་དེ་ལས་ཡུལ་དངོས་སུ་ལས་ཀ་བྱེད་མཁན་དང་མཉམ་དུ་བསྡད་པ་དང་། ཟླ་ཤས་རིང་འབད་འཐབ་བྱས་པ་བརྒྱུད། ཨར་འདམ་གྱི་ལུགས་བརྒྱབ་པའི་ཟམ་ཆེན་གྱིས་གྲོག་རོང་ངོགས་གཉིས་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ་དཔུང་དཀར་གྲོང་ཚོ་ནས་གྲོག་རོང་ཕར་ངོགས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་སར་སྐྱོད་པའི་ལམ་ཤར་བགྲོད་ཐུབ་ཡོད།

    ཟམ་པ་ཞིག་གིས་གྲོང་ཚོ་ཧྲིལ་པོའི་ལས་དབང་ལ་ཁ་ལོ་བསྒྱུར་བ། ཡོན་ཏན་རྒྱ་མཚོས་གྲུབ་འབྲས་དེ་འདྲ་ཞིག་ལ་ཡིད་ཚིམས་ནས་མ་བསྡད་པར། དེ་རྗེས་ཁོང་གིས་སླར་ཡང་དཔུང་དཀར་གྲོང་ཚོར་ཟམ་པ་གཉིས་བསྐྲུན་པས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། ཕ་ཡུལ་གྱི་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ་དང་དུས་མཚུངས་མཉམ་ལས་ཁང་གིས་ད་དུང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཡོད། ལོ་བཅུ་གཅིག་རིང་མཉམ་ལས་ཁང་གིས་རིམ་རྩིས་བྱས་ན། འབྲུག་ལ་ཤང་དང་བྲག་ཆུ་གྲོང་རྡལ་གྱི་མང་ཚོགས་དབུལ་པོར་དངུལ་དང་དངོས་ཟོག་སྒོར་ཁྲི་340ལྷག་ཙམ་ཞལ་འདེབས་ཕུལ་ཡོད།

    བགྲང་བྱ་བཅུ་གཅིག་ཙམ་འབད་འཐབ་བྱས་པ་བརྒྱུད། མཉམ་ལས་ཁང་ལ་ཀོང་པོ་རྒྱ་མདའ་རྫོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་སྔོན་ཐོན་རོགས་སྐྱོར་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཡོན་ཏན་རྒྱ་མཚོ་མི་སྒེར་ལ“ཀྲུང་གོའི་གྲོང་གསེབ་ཕྱུག་འགྱུར་སྣེ་ཁྲིད་པ”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕུལ་བྱུང་འཛུགས་སྐྲུན་པ”“ཉིང་ཁྲི་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 2019ལོར་ཡོན་ཏན་རྒྱ་མཚོས་ད་དུང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཚབ་བྱས་ནས“དབུལ་སྒྲོལ་འགག་སྒྲོལ”གྱི་གཟབ་རྒྱན་མོ་ཊར་བསྡད་དེ་མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་རེད།

    (རྩོམ་པ་པོའི་ལས་ཁུངས་ནི་ཀོང་པོ་རྒྱ་མདའ་རྫོང་བེ་ཤ་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནས་ཡིན) 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།