ལྗོངས་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་འཕེལ་ཁ་བཟང་པོར་སྐུལ་འདེད་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་དང་ལྷག་དོན་འཛད་སྤྱོད་དབུལ་སྐྱོར་གྱི་ལེགས་གྲུབ་རྣམ་པ་འཚོལ་ཞིབ་བྱེད་པ། མང་ཚོགས་ལ་འབབ་འཕར་རྒྱུན་མཐུད་དང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ཚེས་12ཉིན་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་རྒྱུན་རྣམ་ཅན་གྱི་དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སྐྲུན་རྒྱུའི་གྲོས་འགོའི་ཇུས་གཞིར་བསམ་འཆར་བསྡུ་ལེན་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སྐྲུན་པར“སྲིད་གཞུང་གིས་ལས་སྟེགས་གཏོད་པ་དང་། ཁེ་ལས་བྱེད་པོར་བྱེད་པ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པ། སྤྱི་ཕན་རང་བཞིན་གྱི་རོགས་སྐྱོར་བྱེད་པ”བཅས་ཀྱི་འཛུགས་སྐྲུན་གཉེར་སྐྱོང་རྩ་དོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཐོན་རྫས་ཀྱི་སྤུས་ཚད་ནན་པོ་སྲུང་བ་དང་། དོ་དམ་ཚད་ལྡན་ཅན་ཡོང་བ། གཉེར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཐོན་རྫས་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། གཉེར་ཚོང་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་འཇུག་གཞིར་བྱེད་པ་དང་། འཛད་སྤྱོད་དབུལ་སྐྱོར་གནད་སྨིན་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་དང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། དབུལ་སྐྱོར་སྡེ་ཚན་གྱིས་གཙོ་འགན་འཁུར་བ་དང་། ལས་སྒོ་ཁྲུའུ་དང་ཁང་གིས་དམ་འཛིན་གཙོ་བོ་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱིས་གོང་འོག་མཉམ་སྒུལ་གྱི་ལས་ཀའི་ལམ་སྲོལ་ཆགས་པར་བྱེད་པ་བཅས་ཀྱིས། མི་སྣ་དང་། གཉེར་སྐྱོང་བྱ་ཡུལ། གྲོན་དངུལ། སྲིད་ཇུས་བཅས་ཀྱི་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།