རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུལ་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་དབུལ་པོ་མང་བས་དབུལ་སྐྱོར་ལས་འགན་ཧ་ཅང་ལྕི་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་དབུལ་སྒྲོལ་གྱི་ལམ་བུ་གསར་པ་ཇི་ལྟར་གཏོད་དགོས་སམ་ཞེ་ན། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དེ་ཁེ་ལས་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་གིས་ལས་ཞུགས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར་སོགས་ཀྱི་ཐད་གནད་སྨིན་ཇུས་བསྟར་དང་གནད་སྨིན་བྱ་སྤྱོད་སྤེལ་ཞིང་། ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་དེ་ཁེ་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་དང་མཉམ་དུ་གཉིས་ཕན་ཡོང་བར་བྱས་ནས་གངས་ལྗོངས་ས་མཐོར་དམངས་གཉེར་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི“སྐལ་བཟང་མེ་ཏོག”བཞད་པར་བྱས་ཡོད།
ལས་ཞུགས་དབུལ་སྐྱོར་ལ་ཕྱུག་འགྱུར་གྱི་འབྲས་བཟང་ཐོབ་པ།
ཉིང་ཁྲིའི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་རུ“ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ”ནི་སྟོང་གཏམ་ཞིག་མིན་པར། ཏང་འཛུགས་སྐྱོང་ལས་དོན་ཐད་རྩ་འཛུགས་དང་། སྟོབས་ཤུགས། ལམ་ལུགས་བཅས་ནས་གནད་སྨིན་དབུལ་སྐྱོར་དང་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།
“དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་བྱེད་པར་ལྷད་མེད་ཀྱི་བརྩེ་སེམས་དང་ཁ་འབྲལ་ཐབས་མེད། ཀུང་སིར་ལས་ཀར་འགྲོ་འདོད་ཡོད་ཚེ་ཀུང་སིས་ཚང་མ་ལས་ཀར་འཇུག་གི་ཡོད། གཟུགས་པོ་དང་ཁྱིམ་ཚང་གི་རྐྱེན་གྱིས་ལས་ཀ་བྱེད་མི་ཐུབ་པའི་དུད་ཚང་དབུལ་པོར་ཀུང་སིས་གཅིག་གཏད་གཅིག་གི་ཆ་སྒྲིག་རོགས་སྐྱོར་བྱེད་ཐབས་སྤྱད་དེ་མང་ཚོགས་དབུལ་པོ་700ལ་རོགས་སྐྱོར་རྩིས་ཁྲ་བཟོས་ཏེ། དབུལ་སྐྱོར་ལག་དེབ་ཡོད་པ་བྱས་ནས་ལོ་ལྟར་གནད་སྨིན་རོགས་སྐྱོར་བྱེད་ཀྱི་ཡོད”ཅེས་དབུལ་སྐྱོར་ལས་དོན་སྐོར་གླེང་སྐབས་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་རེན་ཧྲི་ཅིང་གིས་བརྗོད།
ཀུང་སིའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་ཏང་ཀྲི་པུའུ་6དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ། དབུལ་སྐྱོར་དཀའ་སེལ་གྱི་གྲོས་མཐུན་བཞག་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོའི་བཀོད་པ་དང་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། སློབ་རོགས་བྱེད་སྒོ་མུ་མཐུད་སྤེལ་ནས་ཐག་རིང་ཤང་དང་གྲོང་རྡལ་གྱི་སློབ་མ་དབུལ་པོ་40ལྷག་ཙམ་བདེ་བླག་ངང་སློབ་ཆེན་འགྲིམ་རྒྱུར་རོགས་རམ་བྱས་པ་དང་རིམ་རྩིས་བྱས་ན་དབུལ་སྐྱོར་དཀའ་སེལ་གྱི་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ཡོད། ལས་ཞུགས་ཀྱིས་སྐུལ་ཁྲིད་དང་། བགོ་འགྲེམས་ཀྱིས་སྐུལ་ཁྲིད། རོགས་སྐྱོར་གྱིས་སྐུལ་ཁྲིད་སོགས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཁྲི་1ལྷག་ཙམ་རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པར་སྒོ་རྩར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།
ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱས་པ།
དངུལ་དང་དངོས་པོ་སྤྲད་ན་སྐབས་འཕྲལ་གྱི་དགོས་མཁོ་ཙམ་ལས་སེལ་མི་ཐུབ་པ་དང་། དབུལ་ཞྭ་ཕུད་པ་དང་དབུལ་སྒྲོལ་བྱེད་པར“དངུལ་དང་དངོས་ཟོག་དབུལ་སྐྱོར”དེ“བསམ་བློའི་དབུལ་སྐྱོར”དུ་བསྒྱུར་ཚེ་གཞི་ནས“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་ཐུབ། ཉི་མ་དམར་པོའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔ་རྗེས་སུ་ཏང་ཡོན་ལག་རྩལ་རྐང་འཛིན་པ་8མངགས་ནས་རྫོང་དང་ཆུས་5ཡི་སྲིད་འཛིན་གྲོང་ཚོ་17གྱི་དུད་ཚང་དབུལ་པོ་400ལྷག་ཙམ་ལ་རིན་མེད་ངང་བོད་སྨན་སྨན་རྒྱུ་འདེབས་འཛུགས་དང་། ཐོན་སྐྱེད། ལས་སྣོན་བཅས་ཀྱི་གསོ་སྦྱོང་ཐེངས་140ལྷག་ཙམ་བྱས་པ་དང་། དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་3ནས་ཁྲི་10བར་འཕར་བར་སྣེ་ཁྲིད་བྱས་པ་རེད།
དབུལ་སྐྱོར་བྱས་ན་ཕུགས་ལ་དམིགས་པ་དང་། ཕུགས་ལ་དམིགས་ན་ཐོན་ལས་ལ་བརྟེན་དགོས་པས། ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་སྒྲོལ་བརྟན་པོ་ཡོང་བའི་ཐབས་ལམ་གཙོ་བོ་དང་ཡུན་རིང་གི་ཐབས་ཇུས་ཡིན། ཀུང་སི་དེས་མུའུ་རེར་སྒོར་1400ལྷག་ཙམ་གྱི་རིན་གོང་ཐོག་ནས་གྲོང་མིའི་ས་ཞིང་མུའུ་140ལྷག་ཙམ་འགན་གཙང་བླངས་པ་མ་ཟད། གྲོང་མི་གདན་འདྲེན་དྲངས་ནས་རྒྱུན་གཏན་གྱི་གཡོག་བྱེད་དང་སྲུང་སྐྱོང་བྱས་ཤིང་། ད་དུང་རིན་མེད་ངང་དུད་ཚང་དབུལ་པོར་དྲོད་ཁང་དང་། མྱུ་གུ རྫས་ལུད། ལག་རྩལ་བཅས་མཁོ་འདོན་བྱས་པ་དང་ཡོང་འབབ་ཆ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྤྲད་ཡོད། རིམ་རྩིས་བྱས་ན་དུད་ཚང་61གི་མི་321དབུལ་སྐྱོར་ཕྱུག་འགྱུར་ཡོང་བར་བྱས་ཡོད།
ཡུལ་སྐོར་དབུལ་སྐྱོར་གྱིས་ཕྱུག་འགྱུར་ལ་རོཌ་རམ་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།
ཉེ་བའི་ལོ་ཤས་རིང་། བྲག་གསུམ་མཚོ་ཡུལ་སྐོར་ཚད་ཡོད་ཀུང་སིས་ཡུལ་སྐོར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱས་ཏེ་མཛེས་ལྗོངས་ཁུལ་དུ་དུད་ཚང་དབུལ་པོར་རིན་མེད་ངང་ཁྲོམ་བཀྱག་མཁོ་འདོན་བྱས་ནས་ཞིང་འབྲོག་པར་དེའི་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཡོད། དབུལ་སྐྱོར་ཐོན་རྫས་ཚང་མ་མཛེས་ལྗོངས་ཁུལ་དང་དྲ་ཐོག་ནས་ཚོང་ཐུབ་པ་བྱས་ཏེ། ཉེ་འགྲམ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རྒྱུན་མཐུད་དབུལ་སྒྲོལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཡོད།
མང་ཚོགས་དབུལ་པོ་དེ་བས་མང་བར་རོགས་རམ་བྱ་ཆེད། ཀུང་སིའི་ཏང་ཀྲི་པུའུ་དང་གྲོང་ཚོའི་ཏང་ཀྲི་པུའུ་དབར་མཉམ་ལས་སྣེ་ཁྲིད་ཀྱི་གྲོས་མཐུན་བཞག་ནས་དུད་ཚང་དབུལ་པོ་47མཛེས་ལྗོངས་ཁུལ་དུ་ལས་ཞུགས་བྱེད་པར་བསྐྱོད་རྒྱུའི་དྲིལ་བསྒྲགས་སྐུལ་སློང་བྱས་པ་དང་། དུད་ཚང་དབུལ་པོའི་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ཁ་ལོ་བ་དང་། ཡུལ་སྐོར་སྣེ་ཤན་པ། གད་པ་སོགས་ཀྱི་ལས་གནས་འོས་སྦྱོར་བྱས་པ་མ་ཟད། ཀུང་སིས་ཕུལ་བྱུང་ཏང་ཡོན་ལས་བཟོ་མངགས་ནས་དེར་ལག་རྩལ་དང་ཞབས་ཞུ་སོགས་ཀྱི་གསོ་སྦྱོང་བྱས་ཡོད། མིག་སྔར་མང་ཚོགས་དབུལ་པོ་5ཀུང་སིའི་དོ་དམ་ལས་གནས་སུ་ཞུགས་པར་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.4བྱུང་སྟེ་མང་ཚོགས་ཀྱི་གཉེར་སྐྱོང་ཐད་ཀྱི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་ཀྱང་འགན་ལེན་བྱས་ཡོད།