དབུ་ཤོག>ཆེད་སྒྲིག
  • “གྲོང་སྡོད་རུ་མི་ཚོ་ནམ་ཡང་དྲུག་བརྒྱ་བ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-09

    “གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་སོང་། ལས་དོན་རུ་ཁག་གིས་ང་ཚོར་ལས་ཀ་མང་པོ་བསྒྲུབས་སོང་། ང་ཚོས་ཁོ་ཚོར་ཅི་ཞིག་སྒྲུབ་བམ”ཞེས་ལྷུན་གྲུབ་རྫོང་དྲུག་བརྒྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དབང་འདུས་ཀྱིས་བཤད། ཆེད་གཉེར་ལས་བྱེད་པ་དཔལ་མོས་ཀྲི་པུའི་ཧྲུའུ་ཅི་དང་གྲོང་མི་ཡོངས་ཀྱིས་ལས་དོན་རུ་ཁག་ལ“ལག་རྟགས་ཆེན་པོ”ཞིག་འབུལ་གྱི་ཡིན་ཞེས་བཤད་བྱུང་བས། གནས་ཚུལ་དེས་ང་ལ་ནམ་ཡང་བརྗེད་ཐབས་མེད་པའི་བབ་ཆགས་ཟབ་མོ་ཞིག་བཞག་བྱུང་། གནས་ཚུལ་དེ་ལོ་གཅིག་གོང་ནས་རྗོད་དགོས།

    2018ལོའི་ལོ་མཇུག་ཏུ་ངས་རྩ་འཛུགས་ལ་2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བརྒྱད་པར་ཞུགས་རྒྱུའི་རེ་བ་ཕུལ་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དྲུག་བརྒྱ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པའི་འགན་ཁུར། ལས་དོན་རུ་ཁག་གི་འཆར་ཅན་ཚོགས་འདུའི་ཐོག་ང་ཚོས་དྲུག་བརྒྱ་གྲོང་ཚོའི་ས་ཁམས་ཀྱི་ཆགས་ཚུལ་དང་། ཐོན་ཁུངས་ཀྱི་ལེགས་ཆ། གྲོང་ཚོའི་དུད་ཚང་དབུལ་པོ33དབུལ་པོ་གྱུར་རྐྱེན་བཅས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་ཡིན། དུས་སྐབས་ཤིག་རིང་བརྟག་ཞིབ་བྱས་པ་བརྒྱུད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ནུས་མེད་ཟབ་ཟོབ་དང་། ལས་བྱེད་པར་ངར་ཤུགས་མེད་པ། གྲོང་མིར་བསམ་འཆར་མང་བ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་། གྲོས་བསྡུར་བྱས་རྗེས་ང་ཚོས་གྲོང་ཚོའི་མི་ཚང་མ་ངོ་ཤེས་པ་དང་དུད་ཚང་ཚང་མའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་པ་ནས་འགོ་བརྩམས་ཏེ་ཁྱོན་དང་གནས་ནས་མང་ཚོགས་ཀྱི་སེམས་ནད་བསལ་བ་དང་མང་ཚོགས་དང་ཉེ་བར་བཅར་ཏེ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འགོག་རྐྱེན་སེལ་གང་ཐུབ་བྱས་པ་ཡིན།

    རུ་དཔོན་སྤེན་པ་རྡོ་རྗེས“ཏང་ཡོན་ལས་བྱེད་པ་ཞིག་ལ་མཚོན་ན་ནམ་ཡང་མང་ཚོགས་ཀྱི་དོན་དུ་ལས་ཀ་བྱེད་དགོས”ཞེས་རྟག་ཏུ་རྗོད་ཀྱི་ཡོད།

    དགུ་བའི་ཚེས་དགུའི་དུས་ཆེན་གྱི་ཉིན་དེར་རུ་དཔོན་གྱིས་ཞལ་འདེབས་བརྒྱབ་པའི་གྱོན་ཆས་དང་འཁར་རྒྱུག་གྲོང་ཚོའི་རྒན་རྒོན་ལོ་70ཡན་ལ་སྦྱིན་པ་དང་། ཚོགས་ཆུང་ཡོངས་ཀྱི་མི་300ལྷག་ཙམ་དང་སྒོ་ཕྱུགས་3500ལྷག་ཙམ་ལ་འཐུང་ཆུ་ཆད་སྐབས་གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་ཆུ་འགོར་ལག་ཆ་ཁྱེར་ནས་གྲོང་མི་དང་མཉམ་དུ་ཉིན་མཚན་གཅིག་བསྟུད་མར་ཉམས་བཟོ་བྱས་པས་མཐར་མི་སེར་ལ་འཐུང་ཆུ་བྱུང་ཡོད། བྱིས་པའི་དུས་ཆེན་འཆར་ལ་ཉེ་སྐབས་རུ་དཔོན་ཀུའོ་ཞའོ་ཏི་ཡིས་རང་གི་གཉེན་ཉེ་དང་གྲོགས་པོ་ཚོ་སྐུལ་སློང་བྱས་ནས་གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་30ལྷག་ཙམ་ལ་སྒོར་ཁྲི་10རི་བའི་སློབ་ཆས་དང་གྱོན་གོས་བརྩོན་ལེན་བྱས་པ། ཏང་འཛུགས་དུས་ཆེན་འཆར་ལ་ཉེ་བའི་སྐབས་རུ་མི་གཡང་འཛོམས་ཀྱིས་དཀའ་ངལ་ཡོད་པའི་ཏང་ཡོན་2ལ་འབྲས་དང་། གྲོ་ཞིབ། སྣུམ་བཅས་ཞལ་འདེབས་བརྒྱབ་པ། ས་ཞིང་འདེབས་དུས་དུད་ཚང་དབུལ་པོ་བཀྲ་ཤིས་དབང་རྒྱས་ཀྱི་རྐང་པའི་ནད་བསྐྱར་ལོག་ཐེབས་ཏེ་ཞིང་འདེགས་མི་ཐུབ་པའི་སྐབས་ངས་གྲོང་ཚོའི་ཨུ་ལྷན་གྱི་ཐོ་ཕྲུག་བཏང་ནས་ཞིང་འདེགས་རོགས་བྱས་པ་ཡིན།

    བྱ་བ་ཆུང་ཆུང་འདི་དག་ལས་ལས་དོན་རུ་ཁག་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་སོང་ཡོད། ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་བྱ་བ་ཆུང་ཆུང་སྒྲུབ་རོགས་བྱས་པ་ལས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་བྱུང་། ཞིང་འབྲོག་མང་ཚོགས་ཀྱིས་བཏབ་པའི་སྔོ་ཚལ་གྲོང་ཚོ་ཨུ་ལྷན་དུ་ཁྱེར་ཡོང་སྐབས་ང་ཚོས་ལེན་གྱི་མེད་སྟབས། ཁོ་ཚོས་ས་རུབ་དུས་ང་ཚོའི་ཉལ་ཁང་གི་སྒོ་འགྲམ་དུ་འཇོག་གི་ཡོད།

    མང་ཚོགས་དང་འབྲེལ་བ་ཟབ་མོ་བྱུང་རྗེས། ང་ཚོས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ཐག་གཅོད་བྱེད་འགོ་ཚུགས་པ་ཡིན།

    གྲོང་སྡོད་ལས་དོན་རུ་ཁག་གིས་ལས་སྒྲུབ་སྒྲིག་ལམ་དང་། ཚོགས་འདུའི་སྒྲིག་ལམ། ལས་ཀ་དོན་འཁྱོལ། སྐོང་འདྲི་ཁ་ཏ། ཚོགས་འདུའི་ཐོག་བརྡ་ཁྱབ་གཏོང་བ་སོགས་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ནན་པོས་སྐྱོང་བ་དང་། ཏང་ཡོན་གྱི“ཐོབ་ཐང་མངོན་པ་དང་། ཏང་རྟགས་འདོགས་པ། གདོང་ལེན་ལས་གནས་སུ་བཀོད་སྒྲིག་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་ཡོན་གྱིས་ལས་ཀ་བྱེད་པ་དང་། ཀྲི་པུའུ་ལ་གསོན་ཤུགས་ལྡན་པ། ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་བཅས་བྱས་ཡོད།

    གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གནད་དོན་བཅོས་སྒྲིག་བྱས་པ་བརྒྱུད་ཚང་མའི་སྤྱོད་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། “ཧྲུའུ་ཅི་སྐལ་བཟང་དབང་འདུས་འགྱུར་འདུག”ཅེས་པ་ནི་ཕྱིས་སུ་གྲོང་མི་ཚོས་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དབང་འདུས་ལ་གདེང་འཇོག་བྱས་པ་ཞིག་རེད།

    “ང་ཚོ་དེ་བས་ཡག་པའི་ཁང་པར་སྡོད་ཐུབ་བྱུང་། འཚོ་བའང་སྐྱིད་པོ་འདུག ཡིན་ནའང་འདས་ཟིན་པའི་ལོ་ཟླ་བརྗེད་མི་ཉན། ལྟོས་དང་། ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་ནི་ཕྱི་ཚུལ་ཙམ་མ་ཡིན། དེ་ནི་ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་བཀའ་དྲིན་མཚོན་བྱེད་ཡིན”ཞེས་གྲོང་མི་བཀྲ་ཤིས་ཀྱིས་བཤད།

    མང་ཚོགས་སྒྲོག་འགྲེལ་བ་ཚེ་དར་གྱིས་བཀའ་དྲིན་ཆེན་པོ་ཚོར་ནས་དྲ་ཐོག་ཏུ་བཀྲམ་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་ཞིག་པར་སློག་རྒྱག་ཆེད། སྤྱི་ལེ་བཅུ་ཙམ་རྐང་ཐང་མར་རྫོང་གྲོང་གི་པར་སློག་ཁང་ཞིག་ཏུ་བསྐྱོད་དེ་ཞེང་ཚད་སྨི་གཅིག་ལྷག་ཙམ་ཟིན་པའི་གཙོ་འཛིན་གྱི་སྐུ་པར་གཉིས་པར་སློག་བྱས་ནས་གཅིག་གྲོང་ཚོའི་ཨུ་ལྷན་ལ་སྤྲད་པ་དང་གཅིག་རང་གི་ཁྱིམ་དུ་བཀལ་ཡོད།

    གྲོང་སྡོད་ལས་དོན་མཇུག་འགྲིལ་སྐབས་ཧྲུའུ་ཅི་སྐལ་བཟང་དབང་འདུས་དང་གྲོང་མི་ཡོངས་ཀྱི་བྱ་སྤྱོད་ལས་ང་ཚོར་སེམས་སྒུལ་ཆེན་པོ་ཐེབས་བྱུང་། གྲོང་མི་ཡོངས་ཀྱི་གྲོས་བསྡུར་བྱས་པ་བརྒྱུད་གྲོང་མི་ཚོས་ང་ཚོ་ལས་དོན་རུ་ཁག་གི་རུ་མི་ཚང་མར་གཟི་བརྗིད་མཚན་སྙན་ལག་ཁྱེར་རེ་སྤྲད་པ་མ་ཟད། ད་དུང་ལས་དོན་རུ་ཁག་ལ“གྲོང་སྡོད་རུ་མི་ཚོ་ནམ་ཡང་དྲུག་བརྒྱ་བ་རེད”ཅེས་འཁོད་པའི་གོས་དར་ཞིག་ཀྱང་སྤྲད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།