ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བཀྲ་ཤིས་སྒང་གྲོང་ཚོ་དེ་ཀླུ་ནང་གྲོང་རྡལ་དང་བར་ཐག་སྤྱི་ལེ་3ཙམ་ཡོད་ཅིང་། ཀླུ་ནང་གྲོང་རྡལ་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་དེ་བསྐྱོད་སྐབས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་རིམ་བཞིན་ཡལ་ནས་སྔོ་ལྗང་གིས་བརྒྱན་པའི་མཛེས་སྡུག་རྣམ་པ་དག་མིག་ལམ་དུ་འཆར།
རི་ལྡེབས་སུ་ཆགས་པའི་བཀྲ་ཤིས་སྒང་གྲོང་ཚོ་རྒྱལ་ལམ་318འགྲམ་དུ་ཡོད་ཅིང་། རྒྱབ་ཏུ་སྔོ་ལྗང་གིས་བརྒྱན་པའི་ནགས་ཚལ་དང་ནགས་ཚལ་གྱི་རྒྱབ་ཏུ་བརྗིད་ཆགས་གངས་རིས་སྐོར་ནས་འདུག
“ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ནང་སའི་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད། ཡུལ་སྐོར་བ་བཀྲ་ཤིས་སྒང་དུ་སླེབས་རྗེས། དེ་ནས་བྲལ་འདོད་བྱེད་ཀྱི་མེད། གངས་རི་དང་། ནགས་ཚལ། སྡོད་ཁང་། འབྲོག་ར་བཅས་ནི་གྲོང་ཁྱེར་བས་ཡིད་སྨོན་བྱེད་པའི་མཛེས་ལྗོངས་ཤིག་རེད། ཁྱིམ་ཚང་མགྲོན་ཁང་དེ་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བ་ཚོར་ཧ་ཅང་འཚམ་པོ་ཡོད་པས། ཉིན་གཉིས་གསུམ་དེ་གར་སྡོད་ཀྱི་ཡོད”ཅེས་ཀླུ་ནང་གྲོང་རྡལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཞུང་དབྱིང་གིས་བཤད།
བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་ཚང་མས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པ་དང་། སྒོ་འགྲམ་དུ་བཀལ་བའི་བྱང་བུའི་ཐོག་ཁྱིམ་ཚང་མགྲོན་ཁང་ཞེས་བྲིས་འདུག
སངས་རྒྱས་སྒྲོལ་མའི་ཁྱིམ་ནི་གྲོང་ཚོའི་དཀྱིལ་དུ་ཡོད་པ་དང་། སོ་ཕག་ལས་གྲུབ་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ཞིག་བརྒྱབ་འདུག་ལ། སྒོ་ར་ཡང་རྒྱ་ཧ་ཅང་ཆེན་པོ་འདུག
“ཁྱེད་ཚོས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད་དམ”ཞེས་འདྲི་སྐབས།
ཁོང་གིས“བཙུགས་ཡོད། ད་ཆ་ང་ཚོའང་སྦྱིན་བདག་ཏུ་གྱུར་ཡོད། ན་ནིང་དངུལ་བུན་སྒོར་ཁྲི་100ལྷག་ཙམ་གཡར་ནས། གྲོང་ཚོའི་ནགས་ཚལ་གྱི་འགྲམ་དུ་ཁང་མིག་བཅུ་དྲུག་ཡོད་པའི་མགྲོན་ཁང་གསར་པ་ཞིག་བརྒྱབ་པ་ཡིན། འདི་ལོའི་ཟླ་6པར་སྒོ་ཕྱེ་བ་དང་ཟླ་བ་བཞི་ཡི་ནང་ཁེ་བཟང་སྒོར་ཁྲི་15རག་བྱུང” ཅེས་སངས་རྒྱས་སྒྲོལ་མས་དགའ་ཚོར་ངང་བརྗོད་བྱུང་།
“ངའི་གཅེན་མོ་ནི་གཞུང་ཞབས་པ་ཡིན་པ་དང་། ངའི་བཟའ་ཟླ་མཛེས་ལྗོངས་ཁུལ་དུ་ལས་ཀར་འགྲོ་བ། ངས་ཁྱིམ་ཚང་མགྲོན་ཁང་གཉེར་བ། ཕ་མ་གཉིས་ཀྱིས་ཞིང་ལས་བྱེད་ཀྱི་ཡོད”བསམ་སྐྱིད་སྒྲོལ་མས་གསར་འགོད་པར་ང་ལ་བ་ཕྱུགས་30ཡོད་ལ་ས་ཞིང་མུའུ་20ལྷག་ཙམ་ཡོད། ང་དང་བཟའ་ཟླ་ལས་ཀར་འགྲོ་དགོས་པས། ཕྱུགས་འཚོ་བ་དང་ས་ཞིང་འདེབས་པའི་ལས་ཀ་ཚང་མ་ཕ་མ་གཉིས་ཀྱི་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
བསམ་སྐྱིད་སྒྲོལ་མའི་བཟའ་ཟླ་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་པར་བརྟེན། རྒྱ་སྐད་ཡག་པོ་རྒྱག་ཤེས་ཀྱི་འདུག“ང་ནི་ལས་མི་ངོ་མ་ཡིན། ད་ཆ་མཛེས་ལྗོངས་ཁུལ་གྱི་ཅིང་ལི་ཡིན་པས་ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད”ཅེས་བརྗོད་བྱུང་། ཚེ་རིང་དང་གླེང་མོལ་བྱེད་སྐབས་ཁོང་གིས་བཀྲ་ཤིས་སྒང་གྲོང་ཚོར་བཅངས་པའི་བརྩེ་དུང་ཟབ་མོ་ཚོར་ཐུབ་ཀྱི་འདུག “ཐོག་མར་གཉེན་སྒྲིག་བྱེད་སྐབས། ཐོག་གཅིག་མའི་ཁང་པ་ཞིག་བརྒྱབ་པ་ཡིན། ད་ཆའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་དེ་ཕྱིས་སུ་བརྒྱབ་པ་ཡིན། གཞེས་ནིང་ལོར། གྲོང་རྡལ་གྱིས་ཁྱིམ་ཚང་མགྲོན་ཁང་གི་སྤུས་ཚད་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པར་བརྟེན། ང་ཚོས་སླར་ཡང་ཁྱིམ་ཚང་མགྲོན་ཁང་གསར་པ་ཞིག་བརྒྱབ་པ་ཡིན། ད་ཆ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཁྱིམ་ཚང་གི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་སོང”ཞེས་བརྗོད་བྱུང་།
ཧུའུ་ཞུང་དབྱིང་གིས“2017ལོ་ནས་བཟུང་། ཀླུ་ནང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཞིང་ཆེན་ལས་དོན་རུ་ཁག་ནས་མ་དངུལ་རེ་ཞུ་བྱས་ཏེ་གྲོང་ཚོ་ཁག་གི་ཁྱིམ་ཚང་མགྲོན་ཁང་གི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་བ་ཡིན། སྔོན་མ་ཁྱིམ་ཚང་མགྲོན་ཁང་གི་སྣེ་ལེན་ཆ་རྐྱེན་དང་ཁོར་ཡུག་ཧ་ཅང་ཞན་པར་བརྟེན། གྲོང་གསེབ་ཀྱི་ཡུལ་སྐོར་ཉམས་ལེན་བྱེད་ཚད་ཞན་པ་དང་། ཡུལ་སྐོར་བ་བློ་ཡིད་མི་ཚིམ་པའི་ཁར་ཞིང་འབྲོག་མང་ཚོགས་ཀྱི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་ཞན་པ་དང་། གཉེར་སྐྱོང་བྱེད་ཐབས་རྐྱང་པ་ཡིན་པ། སྣ་མང་ཕུན་སུམ་ཚོགས་པའི་ཉམས་ལེན་རྣམ་གྲངས་མེད་པ་བཅས་ཀྱིས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད”ཅེས་བརྗོད་བྱུང་།
“ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུའི་མཐའ་འཁོར་གྲོང་ཚོ་3གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུ་དེ་ལས་རིགས་གཙོ་བོར་བཟུང་ཡོད། ཁོང་ཚོའི་གཟུགས་བརྙན་དང་ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུའི་གཟུགས་བརྙན་ནི་ཁ་འབྲལ་ཐབས་མེད། གྲོང་རྡལ་ཆུང་ངུའི་ཉེ་འཁོར་གྱི་གྲོང་ཚོའི་ཞིང་དུད་དོ་དམ་ཚད་ལྡན་དུ་གཏོང་བ་དང་། གོམས་སྲོལ་ངན་པ་དོར་བ། གཟུགས་བརྙན་ལེགས་སུ་གཏོང་བ་བཅས་ཀྱི་ཆེད། ང་ཚོས་ཁྱིམ་ཚང་མགྲོན་ཁང་ཉམས་བཟོ་དང་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་བཏང་བར་བརྟེན། ཀླུ་ནང་གྲོང་གསེབ་ཀྱི་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད། ད་ཆ་ཁྱིམ་ཚང་མགྲོན་ཁང་ཚང་མས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་། ལས་གནས་ཐོག་མ་སྐྱོད་གོང་གསོ་སྦྱོང་བྱེད་པ། ལས་གོས་གཅིག་གྱུར་བཅས་བྱས་ཏེ། ཕྱི་ཕྱོགས་ལ་གཟུགས་བརྙན་བཟང་པོ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ཧུའུ་ཞུང་དབྱིང་གིས་བརྗོད་བྱུང་།
“བཀྲ་ཤིས་སྒང་གྲོང་ཚོའི་རང་བྱུང་མཛེས་སྡུག་རྣམ་པ་ཇི་མ་ཇི་བཞིན་མངོན་ཐུབ་པ་དང་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད་གྲོང་མི་ཚོས་ལོ་ལྟར་རི་སྟེང་དུ་ལྗོན་ཤིང་འདེབས་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོའི་བཀྲ་ཤིས་སྒང་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་དང་གྲོང་མིའི་འཚོ་བ་ཡང་དེ་བས་འབྱོར་ཕྱུག་ལྡན་པ་ཞིག་ཡོང་ངེས་ཡིན”ཞེས་ཚེ་རིང་གིས་བརྗོད་བྱུང་།
(རྩོམ་པ་པོའི་ཚན་པ། 《བོད་ལྗོངས་རྩོམ་རིག》ཆེད་མངགས་གདན་ཞུས་རྩོམ་སྒྲིག་པ)