འདི་ནི་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པས་གྲོང་ཚོ་དང་དུང་ཚང་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བཞིན་པ།
འདི་ནི་སྦྲ་ཆེན་རྫོང་ཨར་ཤོག་ཤང་རྟ་སྨད་གྲོང་ཚོའི་འབྲོག་པའི་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་དབང་པོས(གཡས་ཀྱི་གསུམ་པ)མང་ཚོགས་ཀྱི་སྣེ་ཁྲིད་དེ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པ།
ནག་ཆུ་ནི་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། གྲོང་ཁྱེར་དེ་ཡོངས་སུ་ཤིན་ཏུ་དབུལ་པོའི་རྫོང་10དང་། ཤིན་ཏུ་དབུལ་པོའི་ཤང་དང་གྲོང་རྡལ་80 ཤིན་ཏུ་དབུལ་པོའི་གྲོང་ཚོ་721བཅས་ཀྱིས་གྲོང་ཁྱེར་དེའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་90.9%དང་། 70.17% 60.59%བཅས་སོ་སོར་བཟུང་ཡོད། ལྗོངས་ཡོངས་ཀྱི་ས་བབ་མཐོ་ཤོས་དང་། རང་བྱུང་ཆ་རྐྱེན་ཞན་ཤོས། དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་གྲས་ཤིག་ཡིན། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་ལག་ལེན་བསྟར་སྐབས། གྲོང་ཁྱེར་དེ་ཡོངས་ཀྱིས་འགོ་ཁྲིད་ཀྱི་སེམས་ནུས་དབུལ་སྒྲོལ་འགག་སྒྲོལ་ལ་འདོན་པ་དང་། ལས་ཀའི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་དང་་གཅིག་སྡུད་བྱེད་པ། སྲིད་ཇུས་དང་རྣམ་གྲངས་དབུལ་སྒྲོལ་འགག་སྒྲོལ་ལ་གཟིགས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་དང་། འཐེན་སྐུམ་མེད་པ་དང་འགོ་ནས་མཇུག་བར་མཐའ་གཅིག་ཏུ་ཁྱབ་པར་བྱས་པས། ནག་ཆུར་ས་བབ་མཐོ་ཡང་། དབུལ་སྐྱོར་བྱེད་མཁན་གྱི་སྙིང་སྟོབས་དང་སྟོབས་ཤུགས་དེ་བས་ཆེ་བ་དང་། ནག་ཆུར་གསོ་རླུང་མི་འདང་ནའང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཤེས་དང་ཉམས་མྱོང་མང་བ། ནག་ཆུར་རང་བྱུང་ཆ་རྐྱེན་ཞན་པོ་ཡོད་རུང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཆེ་བ་བཅས་བྱུང་བ་རེད།
“བྱ་སྤྱོད་ཆེན་པོ་གསུམ”གྱི་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་ལག་ལེན་གསར་པ་ཁྱབ་གདལ་བཏང་བ།
དབུལ་སྒྲོལ་གྱི་སྤྱི་ཡོངས་ཕན་འབྲས་ཆེ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས“གདོང་ལེན”བྱ་སྤྱོད་སྤེལ་བ་དང་། ནང་སྐྱེས་སྒུལ་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱས་ཡོད། ཕུལ་བྱུང་ཏང་ཡོན་དང་། ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་དབུལ་སྐྱོར་ལས་ཀའི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱས་ཤིང་། གྲོང་ཁྱེར་དེ་ཡོངས་ཀྱིས་རྫོང་ཐད་གཏོགས་ལས་ཁུངས་ཁྲོད་ནས་ཕུལ་བྱུང་ལས་བྱེད་པ་130ཤང་དང་གྲོང་རྡལ་དུ་ལས་གནས་འཁུར་བར་བཏང་བ་དང་སྦྲགས། ཤང་དང་གྲོང་རྡལ་གྱི་ཕུལ་བྱུང་ལས་བྱེད་པ་143དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཤང་དང་གྲོང་རྡལ་གཞན་དག་ཏུ་ལས་གནས་འཁུར་བར་བཀོད་སྒྲིག་བྱས་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་དང་ཟུང་འབྲེལ་གྱིས། ཕྱུག་འགྱུར་སྣེ་ཁྲིད་པ་སྔོན་ལ་འོས་སྦྱོར་བྱས་པ་དང་། ལས་གཉེར་ཚོང་གཉེར་མི་སྣ་སོགས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་ལས་ཀར་བསྐྱོད་རྒྱུའི་བློ་ཡིད་འགུག་ཐབས་བྱས་ནས། ལས་བྱེད་པའི་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་ལེགས་སུ་བཏང་བ་རེད།
“མཁར་རྫོང”གི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས“རྨང་གཞིའི་ནུས་པ”ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྣེ་ཁྲིད་བྱས་ཡོད། 《ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ཞིང་། ཚད་གཞི་ཅན་ལ་བརྟེན་ནས་ཚད་ལྡན་ཅན་ལ་སྣེ་ཁྲིད་བྱས་ཏེ། ལོ་ལྟར་བསྡུར་གྲངས་10%ལས་མ་ཟིན་པའི་མཇུག་ལུས་ལྡོག་རྩིས་གཞིར་བཟུང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གཅིག་སྡུད་དག་ཐེར་བྱས་པ་རེད། 2016ལོ་ཚུན་དུ། རིམ་རྩིས་ལྟར་ན་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་595དག་ཐེར་དང་ལེགས་སྒྲིག་བྱས་ཡོད་པ་རེད།
“སྣེ་གཉིས་ལ་དམ་འཛིན་དང་བར་དཀྱིལ་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་ཀྱི་ཐབས་གསར་འཚོལ་ཞིབ་བྱས་པ།
རང་བྱུང་ཁོར་ཡུག་གི་ཁྱད་ཆོས་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས། ཚན་རྩལ་ཤེས་བྱའི་ཆུ་ཚད་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་སྟབས། ནག་ཆུའི་ཞིང་འབྲོག་ལས་ཐོན་སྐྱེད་ལག་རྩལ་རྗེས་སུ་ལུས་པས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། རིམ་པ་དམའ་བ། ཐོན་ལས་འཁོར་སྦྲེལ་ཐུང་བ་བཅས་ཡོད་པ་དང་འབྲེལ། ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ་དང་སྣེ་འདྲེན་དང་ཀ་རྟེན་ཁེ་ལས་དཀོན་པོ་ཡོད་པ་རེད།
དེར་བརྟེན། ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ལྟེ་བའི་ཐོན་ལས་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས“སྣེ་གཉིས་ལ་དམ་འཛིན་དང་བར་དཀྱིལ་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོད་ཅིང་། ཐོན་ལས་ལས་སྟེགས་གཏོད་པ་དང་། མཁོ་འཚོང་སྣེ་གཉིས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་པ་བརྒྱུད། ཐོན་ལས་འཁོར་སྦྲེལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། རིམ་པ་གསུམ་པའི་ལས་སྟེགས(ཤང་དང་གྲོང་ཚོའི་རིམ་ངོས)སུ“སྣེ་གཅིག”ལ་དམ་འཛིན་བྱེད་པ་དང་། “ཤང་གཅིག་ལ་མཉམ་ལས་ཁང་གཅིག”དང“གྲོང་ཚོ་གཅིག་ལ་མཉམ་ལས་ཁང”བཙུགས་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་བསྡུས་ནས། རྩྭ་ར་དང་། ཕྱུགས་རིགས། དངུལ་སྨར་སོགས་ཀྱི་རྣམ་པའི་ཐོག་ནས། མ་རྐང་ནང་ཞུགས་པའམ་ཡང་ན་རྩྭ་ར་ནང་བཤུག་དང་། བོགས་གཏོང་། ལས་ཞུགས་སོགས་ཀྱི་རྣམ་པའི་ཐོག་ནས་ཡོང་འབབ་རག་པ་བྱས་པ་དང་། རིམ་པ་གཉིས་པའི་ལས་སྟེགས(རྫོང་རིམ་པའི་ངོས)སུ་རྫོང་འབྲོག་ལས་གསར་སྤེལ་ཀུང་སི་བཙུགས་ནས། ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ་རིམ་པའི་འབྲོག་ལས་མཉམ་ལས་རྩ་འཛུགས་འཁོར་སྐྱོད་ནུས་ལྡན་ཐུབ་རྒྱུར་སྤྱི་འདོམས་བྱེད་པ་དང་། ནོར་ལུག་རྒྱགས་གསོའི་རྣམ་གྲངས་ལག་ལེན་བསྟར་བ། གསོ་སྤེལ་རྒྱ་ཆེར་གཏོང་བའི་རྟེན་གཞི་དང་མི་ཐབས་རྩྭ་འདེབས་རྟེན་གཞི་སོགས་བསྐྲུན་ཡོད། རིམ་པ་དང་པོའི་ལས་སྟེགས(གྲོང་ཁྱེར་རིམ་པའི་ངོས)སུ“སྣེ་གཞན་ཞིག”དམ་འཛིན་བྱས་ནས་གྲོང་ཁྱེར་འབྲོག་ལས་གསར་སྤེལ་ཀུང་སི་བཙུགས་ཏེ། ལྗོངས་ཕྱི་ནང་གི་སྟོབས་ཤུགས་ལྡན་པ་དང་། མཚན་སྙན་ལྡན་པ། སྐུལ་ཁྲིད་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ། གྲོང་ཁྱེར་དེའི་འབྲོག་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བྱས་ནས། རྒྱུད་ཕྱུགས་འདེམས་གསོ་དང་། མོ་ཕྱུགས་གསོ་སྤེལ། འབོར་ཚད་བཞིན་མཁོ་སྤྲོད། ལས་སྣོན་ཐོན་སྐྱེད། སྤུས་ཚད་ལེགས་གཏོང་། སྤུས་རྟགས་གཏོད་པ། ཚད་གཞི་བཟོ་བ། ཚན་རྩལ་འགག་སྒྲོལ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད་པ་རེད།
“ངལ་ནུས་འབབ་འཕར”གྱི་ལས་ཞུགས་དབུལ་སྐྱོར་གྱི་ལམ་སྲོལ་གསར་པ་བཏོད་པ།
“ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས། ཀུང་སིར་རྒྱུན་མཐུད་ཁེ་ཕན་བྱུང་བ་མ་ཟད། ད་དུང་མང་ཚོགས་མང་པོ་ཞིག་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་སོང”ཞེས་འཕྲིན་རྒྱལ་གྱིས་བརྗོད་པ་དང་། སྙན་རོང་རྫོང་དུ་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་འཕྲིན་རྒྱལ་གྱིས་2017ལོར་ངལ་ནུས་མངགས་གཏོང་ཀུང་སི་བཙུགས་ཚུན། རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་6000ལྷག་ཙམ་བྱུང་བ་དང་སྦྲགས། མང་ཚོགས་དབུལ་པོ་4000ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད། ནག་ཆུ་གྲོང་ཁྱེར་གྱིས་ལག་ལེན་ནང“ཁག་གཅིག་དྲུག”གི་ལས་ཞུགས་འབབ་འཕར་ཡོང་ཐབས་འཚོལ་ཞིབ་བྱས་ཡོད། 2019ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོས་རྨང་བརྟན་རྣམ་གྲངས་བརྒྱུད་མི་3786ལས་ཞུགས་བྱེད་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ཐོན་ལས་བརྒྱུད་མི་11806ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ། བོད་སྐྱོར་བརྒྱུད་མི་108ངལ་ནུས་ཕྱིར་གཏོང་ཐུབ་པ། ས་གནས་དེ་གའི་ཁེ་ལས་དང་སྦྲེལ་མཐུད་བྱས་པ་བརྒྱུད་མི་1577ལས་ཞུགས་ཐུབ་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པ་བརྒྱུད་མི་4823གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་པ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་མི་15506གི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཅིང་། ཁྱོན་མི་37606ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་4.97བྱུང་བ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3བྱུང་ཡོད་པ་རེད།