དབུ་ཤོག>ཆེད་སྒྲིག
  • ཤན་རྩ་རྫོང་རྫ་ར་ལྷོ་མ་གྲོང་ཚོའི་རྡོ་རྗེ་གྲགས་པས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-04

    “མི་གཅིག་ཕྱུག་པོར་གྱུར་པ་ལས་གྲོང་མི་ཡོངས་ཕྱུག་པོར་གྱུར་ན་དངོས་འབྲེལ་ཕྱུག་པོ་རེད། དེ་ནི་ངའི་ཕུགས་འདུན་ཡིན་ལ་དམིགས་ཡུལ་ཡང་ཡིན། ངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚང་མ་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རེ་བྱེད་ཀྱི་ཡོད”འདི་ནི་2011ལོར་རྡོ་རྗེ་གྲགས་པས་རྫ་ར་ལྷོ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་སྐབས་བཞག་པའི་དམ་བཅའ་རེད།

    རྫ་ར་ལྷོ་མ་གྲོང་ཚོ་ནི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་ལྷོ་ནུབ་རྒྱུད་དུ་ཆགས་པའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པ་དང་ཤན་རྩ་རྫོང་གྲོང་དང་བར་ཐག་སྤྱི་ལེ་82ཡོད་པའི་གྲོང་ཚོ་དེར་རང་བྱུང་གྲོང་ཚོ་7ཡོད་པ་དང་གྲོང་ཚོ་ཡོངས་ལ་དུད་ཚང་103དང་གྲོང་མི་424ཡོད།

    སྔོན་ཆད་རྫ་ར་ལྷོ་མ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཉུང་བས། མང་ཚོགས་རྣམས་སྤྱིར་ཕྱུགས་འཚོ་བ་དང་སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། 2011ལོའི་ལོ་མཇུག་ཏུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྐབས་བརྗེའི་འདེམས་བསྐོ་བྱས་ཏེ། རྡོ་རྗེ་གྲགས་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་སུ་བདམས། དུས་དེ་ནས་བཟུང་རྡོ་རྗེ་གྲགས་པས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་རྒན་གྲས་དང་། གྲོང་ཚོའི་ལས་བྲལ་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ། དུད་ཚང་དབུལ་པོ། གྲོང་མི་མང་ཚོགས་བཅས་དང་སྤེལ་རེས་བྱས་ཏེ། གྲོང་ཚོའི་གནས་ཚུལ་ཁག་ཤེས་རྟོགས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བའི་ལས་ལ་ཞུགས།

    རྡོ་རྗེ་གྲགས་པའི་ཕ་ནི་ལག་ཤེས་པ་ཞིག་ཡིན་ཞིང་། ཆུང་དུས་ནས་ཕའི་ཤུགས་རྐྱེན་འོག་རྡོ་རྗེ་གྲགས་པས་ཀྱང་ལག་ཤེས་རྩེ་གྲ་ཞིག་སྦྱངས་ཡོད། 2014ལོའི་ཟླ་7པར་རྡོ་རྗེ་གྲགས་པས་གྲོང་མི་3གྱི་སྣེ་ཁྲིད་ནས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་རྒྱུན་འཛིན་དང་མྱུར་སྐྱོབ་རྟེན་གཞི་ཞིག་བཙུགས་པ་དང་། ལོ་གཅིག་ལྷག་ཙམ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། 2015ལོའི་ཟླ་8པར་རྡོ་རྗེ་གྲགས་པས་བཟོས་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཤན་རྩ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཅུག “འགྱུར་རྡོ་གསོན་པོ”ལྟ་བུའི་མངོན་མིན་རིག་གནས་ཤུལ་བཞག་དེ་དག་རྒྱུན་འཛིན་ཡག་པོ་བྱེད་ཆེད། རྡོ་རྗེ་གྲགས་པས་རྟག་ཏུ་འབྲོག་ཁུལ་ཁག་གི་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་རྟེན་གཞིར་བསྐྱོད་ནས་རྟོག་ཞིབ་བྱེད་ཀྱི་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གནས་ཚུལ་དངོས་མཚོན་པར་གཞི《མཐའ་སྣེ》པར་ལེན་ཚོགས་ཆུང་གིས་ཁོང་གི་བྱས་རྗེས་ལ་དོ་སྣང་བྱུང་ནས། 2016ལོར་པར་ལེན་ཚོགས་ཆུང་ཁོང་གི་ལག་ཤེས་ཐོན་རྫས་རྒྱུན་འཛིན་དང་མྱུར་སྐྱོབ་རྟེན་གཞིར་བསྐྱོད་ནས་ཁོང་གི་སྔོན་ཐོན་བྱས་རྗེས་ཇི་མ་ཇི་བཞིན་པར་དུ་བླངས།

    རྡོ་རྗེ་གྲགས་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་རྒྱུན་འཛིན་དང་མྱུར་སྐྱོབ་རྟེན་གཞིས་གཙོ་བོ་རྒྱུན་སྤྱོད་ཀྱི་འཚོ་བའི་ཀོ་ཆས་དང་། ལག་ཤེས་ཐོན་རྫས། དེ་བཞིན་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་ལས་ཀྱི་གྱོན་གོས་བཅས་བཟོ་ཡི་ཡོད་པའི་ཁྲོད་པགས་ཚགས་ལ་དམིགས་བསལ་ཁྱད་ཆོས་ལྡན་ཡོད། 2017ལོའི་ཟླ་9པར་ཁོང་གིས་བཟོས་པའི་པགས་ཚགས་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཅུག་ཡོད། དེའི་རྗེས་སུ་ཁོང་གིས་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་གྱོན་ཆས་སྣ་ཚོགས་བཙེམས་པ་རེད། རྡོ་རྗེ་གྲགས་པའི་སྣེ་འཁྲིད་འོག་མྱུར་སྐྱོབ་རྟེན་གཞིས་ལག་རྩལ་མི་སྣ་8གསོ་སྐྱོང་བྱས་པའི་ཁྲོད་མང་ཚོགས་དབུལ་པོ་5ཡོད་པས་རྡོ་རྗེ་གྲགས་པ“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་། ཞིང་པར་ཕན་འདོགས། གྲོང་གསེབ་དར་རྒྱས་བཅས་ཀྱི་སྣེ་ཁྲིད་པར”བདམས།

    “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་འདི་ཐོག་མཐའ་བར་གསུམ་དུ་རྡོ་རྗེ་གྲགས་པའི་ཡིད་ངོར་དྲན་གྱི་ཡོད། “རང་བྱུང་གི་ལེགས་ཆ་དེ་དག་ཐོན་ཁུངས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཇི་ལྟར་འགྱུར་བར་བྱེད་དགོས་སམ”2018ལོར་ཤང་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་རྗེས། རྡོ་རྗེ་གྲགས་པས་རྫ་ར་ལྷོ་མ་གྲོང་ཚོའི་སྔར་ཡོད་ཀྱི་འབྲོག་ལས་རྨང་གཞི་དང་མུ་མཐའ་མེད་པའི་རྩྭ་ཐང་གི་ཐོན་ཁུངས་ལ་བརྟེན་ཏེ། སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་ལས་གཙོ་གནད་དུ་བཟུང་ནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་གོ་སྐབས་དམ་འཛིན་བྱས་ནས། མི་རིགས་ལག་ཤེས་བཟོ་ལས་དང་ཁྱད་ལྡན་གསོ་ཚགས་ཟུང་འབྲེལ་གྱི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། མཉམ་ལས་ཁང་འཛུགས་རིང་རྡོ་རྗེ་གྲགས་པས་རང་འགུལ་ངང་དུད་ཚང་དབུལ་པོ་དང་སྦྲེལ་མཐུད་བྱས་ཏེ། དུད་ཚང་དབུལ་པོ་མཉམ་ལས་ཁང་གི་མ་རྐང་ལ་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ཡོད། ཁོང་གིས་འབད་པ་ལྷོད་མེད་བྱས་པ་བརྒྱུད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དབུལ་པོ་107གྱིས་མི་རེས་མ་དངུལ་སྒོར་1000བཏང་ནས་མཉམ་ལས་ཁང་ལ་ཞུགས་པས། ལོ་དེའི་ལོ་མཇུག་ཏུ་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་13ལྷག་ཙམ་བྱུང་ཡོད། མང་ཚོགས་ཀྱི་དགོད་སྒྲ་ལས་སྔོན་ཆད་ཁུ་སིམ་མེར་གནས་པའི་གྲོང་ཚོའི་རིག་གནས་ཁང་ཡང་ད་ཆ་འཁྲུག་ཆ་དོད་པོར་གྱུར་མོད། འོན་ཀྱང་རྡོ་རྗེ་གྲགས་པ་གཞོགས་ཤིག་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་འདིང་བཞིན་ཡོད།

    2019ལོར་ལོ་གཅིག་དུས་གཅིག་གི་མཉམ་ལས་ཁང་གི་བཀོད་སྒྲིག་ཚོགས་འདུ་འཚོག་སྐབས། རྡོ་རྗེ་གྲགས་པས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོས་བསྡུར་བྱས་ཏེ། མང་ཚོགས་ལ་རྐང་དངུལ་གྱི་90%སློག་རྒྱུ་ཐག་བཅད་པ་དང་། ལོ་གོང་མའི་རྒྱ་སྐྱེད་མ་དངུལ་དང་ལྷག་བསྡད་པའི་རྐང་དངུལ་10%སྤྱད་དེ་མཉམ་ལས་ཁང་སྔར་བས་རྒྱ་སྟོབས་ཆེ་རུ་བཏང་ནས་མི་རིགས་ལག་ཤེས་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་བཀོད། 2019ལོའི་ལོ་མཇུག་ཏུ་དུས་བཀག་ཁེ་སྤོགས་བགོ་སྐབས་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4100ཡན་བྱུང་ནས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།