དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་ལྷག་མེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-02

    ཚེས་30ཉིན་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལས་ཞུགས་བརྟན་པོར་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཞུགས་བརྟན་པོ་དང་གྲོང་མིའི་ལས་ཞུགས་འགན་ལེན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག་2020ལོའི་ཟླ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་3.8ལས་ཞུགས་གསར་པ་ཐུབ་ནས་ལོ་འགོའི་དམིགས་ཚད་ལས་འགན་གྱི་95%ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.5%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་ལྷག་མེད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་བྱས་ནས་ལོ་འཁོར་དམིགས་ཚད་ཀྱི་100.7%ལེགས་གྲུབ་བྱུང་བ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་108.1%ལེགས་གྲུབ་བྱུང་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ལས་བརྒལ་བའི་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་77289ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་140.5%ལེགས་གྲུབ་བྱུང་བ། ལྗོངས་ཕྱིའི་ལས་ཞུགས་གཞན་སྒྱུར་མི་གྲངས་5546ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་110.9%ལེགས་གྲུབ་བྱུང་ཡོད། 2020ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་27769ཡོད་པའི་ནང་མི་26447ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་95.24%ཟིན་ཡོད་པ་རེད། ལྗོངས་ཡོངས་སུ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག་1954གཉེར་བ་དང་། མི་104664ལ་གསོ་སྦྱོང་བྱས་ནས(དེའི་ནང་ལས་སྤྲོད་ཚབ་སྦྱོང་བྱེད་གྲངས་མི་28403དང་། དགེ་ཕྲུག་ལམ་ལུགས་གསར་པའི་མི་460)གསོ་སྦྱོང་ལ་མ་དངུལ་སྒོར་ཁྲི་21087.2བཏང་ཡོད་པ་རེད།

    “མི་གཅིག་ལས་ཞུགས་ཐུབ་ན་ཁྱིམ་ཚང་ཧྲིལ་པོ་དབུལ་སྒྲོལ་ཐུབ”ལས་ཞུགས་མང་དུ་གཏོང་བ་ནི་ཆེས་ནུས་ལྡན་དང་ཆེས་ཐད་ཀའི་དབུལ་སྒྲོལ་བྱ་ཐབས་ཤིག་རེད། ད་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་རེད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལོ་ཡང་རེད། ལས་ཞུགས་དབུལ་སྒྲོལ་ཡག་པོ་བྱེད་པ་དང་འབྲེལ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། མི་སྤྱི་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ལས་ཞུགས་དབུལ་སྐྱོར་གྱི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེར་བརྟེན་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་དུ《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ཧུར་ཐག་བཅག་ནས་ལས་ཞུགས་དབུལ་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་དྲ་ཐོག་ནས་དབུལ་སྒྲོལ་དུད་ཚང་དང་མཐར་ལུས་དུད་ཚང་གི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་དང་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་གྲངས་གཞིའི་མཛོད་གསར་བརྗེས་བྱས་པ་རེད། ཁེ་ལས་དང་ལས་གྲྭའི་རྣམ་གྲངས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་གསེད་བཀྲོལ་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ངལ་ནུས་མཁོ་འདོན་དང་དགོས་མཁོ་སྦྲེལ་མཐུད་ཡག་པོ་བྱས་པ་མ་ཟད། གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་ཆུ་ཚོད་24ཡི་བཀོད་གཏོང་འགན་ལེན་ལམ་སྲོལ་ཡང་བཙུགས་ནས་གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་ཞབས་འདེགས་ལེགས་སུ་བཏང་བ། ལས་གནས་བརྟན་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། “དྲ་ཐོག་གསོ་སྦྱོང+ལས་སྤྲོད་ཚབ་སྦྱོང”བྱེད་ཐབས་ཁྱབ་སྤེལ་ཤུགས་ཆེན་བཏང་བ་དང་། ལས་ཞུགས་ལས་གཏོད་ཀྱི་དྲ་ཐོག་ཞབས་འདེགས་དང“ངོ་མི་ཐུག་པའི”ཞབས་འདེགས་ཁྱབ་སྤེལ་བཏང་བ། “དྲ་ཐོག+དྲ་ཕྱི”ནས་གདན་ཞུ་བྱས་པ། ཐག་ཉེ་ས་དང་རང་སར་ལས་ཞུགས་དང་རང་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱས་པ། སྒོར་ཁྲི་400མན་གྱི་སྲིད་གཞུང་གིས་མ་རྩ་བཏང་བའི་རྣམ་གྲངས་ཞིང་འབྲོག་པའི་ཨར་པོའི་ཁེ་ལས(རུ་ཁག)ཀྱིས་སྐྲུན་འགན་འཁུར་རྒྱུར་སྤྲད་པ། དབུལ་སྒྲོལ་དུད་ཚང་དང་མཐར་ལུས་དུད་ཚང་གི་ངལ་ནུས་ཀྱིས་ཁེ་ལས་གཉེར་བའམ་ཡང་ན་ཁེར་རྐྱང་ལས་གཉེར་བྱེད་པའི་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་དོན་འཁྱོལ་བྱས་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།