ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2020ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་ལེགས་སུ་གཏོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་གྲོང་ཁྱེར་ཡོངས་ཀྱིས་དུད་ཚང་དབུལ་པོ་6958ཀྱི་མི་23893དབུལ་སྒྲོལ་བྱས་ཤིང་། མི་འབོར་དབུལ་པོ་ཚང་མ་སྟབས་བསྟུན་ངང་དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་490ཚང་མ་དབུལ་སྒྲོལ། དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་དབུལ་སྒྲོལ་བཅས་བྱས་པས། ས་ཁོངས་རང་བཞིན་གྱི་དབུལ་པོ་ཧྲིལ་པོ་ཐག་གཅོད་ནུས་ལྡན་ཐུབ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་ཏུ། ཉིང་ཁྲི་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་6636གི་མི་22803གནད་སྨིན་དབྱེ་འབྱེད་བྱས་པ་དེ་ཤང་དང་གྲོང་རྡལ་54ཡི་གྲོང་ཚོ་གྲོང་ལྷན་490ལ་ཁྱབ་ནས་དབུལ་པོ་ཐོན་ཚད་16.42%ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་རྗེས། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། “གནད་སྨིན་དྲུག”དང“ཁག་གཅིག་ལྔའི”ལས་དོན་གྱི་བླང་བྱ་གཞིར་བཟུང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་ཤུགས་ཆེན་བསྟར་ཡོད།
དབུལ་སྒྲོལ་འགག་སྒྲོལ་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་2020ལོར། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་དེ་བཞིན“མཚམས་འཇོག་མི་བྱེད་པ་བཞི”ཡི་ལས་དོན་གྱི་བླང་བྱ་གཞིར་བཟུང་། “ཤུགས་སྣོན་དང་། སྲ་བརྟན། མཐོར་གཏོང”བཅས་ཀྱི་ལས་དོན་གྱི་བསམ་ཕྱོགས་ལ་དམིགས་པ་དང་། སྲ་བརྟན་མཐོར་གཏོང་གི་ལག་བསྟར་ཇུས་གཞི་གནད་སྨིན་དོན་འཁྱོལ་བྱས་ནས། ལས་དོན་གྱི་གཙོ་གནད་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་བྱེད་པ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་བལྟོས་བཅས་ཀྱི་དབུལ་པོ་ཉུང་དུ་གཏོང་བའི་ཕྱོགས་སུ་བསྒྱུར་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གྲོང་གསེབ་དར་རྒྱས་ཀྱི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་གང་ཐུབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟམ་མི་ཆད་པར་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཉིང་ཁྲིའི་སྤུས་ཚད་ལེགས་པའི་དབུལ་སྒྲོལ་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་བ་བཅས་བྱས་ནས་ཉིང་ཁྲིའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།