“ད་ལྟ་འཚོ་བ་སྐྱིད་པོ་འདི་འདྲ་ཡོད་པ་ནི་དེ་སྔོན་བསམ་ཀྱང་བསམ་མི་ཕོད། ཡིན་ནའང”རང་ཉིད་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། འཇོ་མདའ་རྫོང་གཏེར་སྟོན་ཤང་བྱང་ཤར་རྒྱུད་ཀྱི་རེ་མདོ་མཛོ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས་དེ་སྔོན་ངའི་ཁྱིམ་ལ་ཡོང་འབབ་བརྟན་འཇགས་མེད་མོད། འོན་ཀྱང་ཆི་ཅུའེ་སྦག་སྦག་ཉམས་བཟོ་ཁང་ནས་རླངས་འཁོར་ཉམས་བཟོའི་ལག་རྩལ་སྦྱངས་རྗེས། ངས་ཀྱང་འཇོ་མདའ་རྫོང་གྲོང་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་པ་ཡིན། དེ་ནས་བཟུང་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་སོང་ཞེས་དགའ་བ་དཔག་མེད་ངང་གསར་འགོད་པར་བཤད།
བཀྲ་ཤིས་ལ་བྱུང་བའི་འགྱུར་ལྡོག་ནི་རེ་མདོ་མཛོ་གྲོང་ཚོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་བསྡུས་རིས་ཙམ་རེད། འཇོ་མདའ་རྫོང་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། དོན་ཐོག་ཏུ་འཁྱོལ་བའི་བྱ་ཐབས་ཆ་ཚང་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ་པ་དང་། “རོགས་སྐྱོར་བཞིའི་སྐུལ་ལྕག”ལས་གྲྭ་ལག་ལེན་བསྟར་བ་ལས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རང་ཉིད་ཀྱིས་རྣམ་གྲངས་ཐབས་ཤེས་དང་ལམ་བུ་བཙལ་བ་དང་། དེ་བཞིན“གནད་ཀྱིས་ཁྱོན་ཁྲིད་པ་དང་ཆུང་བས་ཆེ་བར་སྐུལ་འདེད་གཏོང་བའི”དབུལ་སྐྱོར་རྣམ་གྲངས་ལ་བརྟེན་ནས་རོགས་སྐྱོར་བྱས་པ་བརྒྱུད། མང་ཚོགས་ལ“ང་ལ་དབུལ་སྐྱོར་བྱེད་པ་ནས་ངས་དབུལ་སྐྱོར་བྱེད་པའི་བར”འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། མང་ཚོགས་དབུལ་པོའི་རང་འགུལ་དང་སེམས་ཤུགས་འཕེལ་བ་དང་མང་ཚོགས་དབུལ་པོའི་ལས་བརྩོན་ཕྱུག་འགྱུར་གྱི་ཐོག་མའི་སེམས་ཤུགས་འཕེལ་བར་བྱས་ཡོད།
2018ལོར་རེ་མདོ་མཛོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་དབང་གྲགས་ཀྱིས་རྫོང་སྲིད་གཞུང་ནས“རོགས་སྐྱོར་བཞིའི་སྐུལ་ལྕག”ལས་གྲྭ་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་བཙུགས་པ་ཤེས་རྗེས། ཡུལ་མིར་དབུལ་སྒྲོལ་གྱི་གྲལ་བསྟར་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་དང་སློབ་གསོ་གཏོང་ཆེད། སྦག་སྦག་ཉམས་བཟོ་ཁང་ཞིག་འཛུགས་པའི་བསམ་ཚུལ་རང་འགུལ་ངང་བརྗོད། གྲོང་ཚོ་དང་། ཤང་། རྫོང་བཅས་ཀྱིས་རིམ་པ་བཞིན་ཞིབ་དཔྱད་བྱས་པ་བརྒྱུད། ཁོ་བོའི་ཆི་ཅུའེ་སྦག་སྦག་ཉམས་བཟོ་ཁང་དེ་ཤང་ཡོངས་ཀྱི་སྦག་སྦག་ཉམས་བཟོ་ཁང་ཐོག་མ་དེར་གྱུར། ཚོང་རིམ་བཞིན་ཡག་ཏུ་ཕྱིན་པ་དང་སྦྲགས་ཡུལ་མི་ཚོས་ཀྱང་མདུན་ལམ་ཆེན་པོ་ཡོད་པ་མཐོང་བས་ཡུལ་མི་དེ་བས་མང་བས“རོགས་སྐྱོར་བཞིའི་སྐུལ་ལྕག”ལས་གྲྭར་རང་འགུལ་ངང་ཞུགས།
“རོགས་སྐྱོར་བཞིའི་སྐུལ་ལྕག”ལས་གྲྭའི་སྐོར་གླེང་སྐབས། ཕན་པ་ཐོབ་མཁན་འདྲ་མཚུངས་ཡིན་པའི་བཀྲ་ཤིས་སྐལ་ཐར་གྱིས་འཛུམ་མདངས་འཕྱུར་བཞིན“2015ལོར་ང་ཚོའི་ཁམས་གཞུང་ཐང་ག་འབྲི་བཞེངས་ཚོང་ཁང་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ལས་མེད། རྫོང་གིས“རོགས་སྐྱོར་བཞིའི་སྐུལ་ལྕག”ལས་གྲྭ་ལག་ལེན་བསྟར་ཚུན། ང་ཚོའི་བྲིན་ཚོང་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ནས་ན་ནིང་སྒོར་ཁྲི་100ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་25བཏང་ནས་ཁམས་གཞུང་ཐང་ག་འབྲི་བཞེངས་ཚོང་ཁང་རྒྱ་སྐྱེད་བཏང་སྟེ། དགེ་ཕྲུག་30ལྷག་ཙམ་བསྡུས་པའི་ནང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་6གི་མི་6ལ་སྐུལ་ཁྲིད་བྱས་པ་ལས། མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་དང་མང་ཚོགས་འབར་འཕར་ལ་རམས་འདེགས་བྱེད་པར་དགེ་མཚན་ལྡན་པའི་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད།