ཆབ་མདོར་སླེབས་པའི་ཉིན་དེའི་ཞོགས་པར་ཁ་རུབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་དགེ་ལེགས་ཀྱི་སྣེ་ཁྲིད་འོག་ང་ཚོས་དང་ཐོག་ཁ་རུབ་ཆུས་དེང་རབས་ཞིང་ལས་གླིང་དུ་བསྐྱོད་པ་ཡིན། ཞིང་ལས་གླིང་ནི་ཁ་རུབ་གྲོང་རྡལ་རྨོ་མདའ་ཤང་རྩེ་པ་གྲོང་ཚོའི་རི་མཐོ་ལུང་ཁུག་ཏུ་གནས་ཤིང་། ས་ཁོད་སྙོམས་པོ་མེད་པའི་རྐྱེན་གྱིས་དེ་སྔ་འདི་ག་ནི་སྣང་མེད་དུ་གཏོང་བའི་ས་ཆ་ཞིག་རེད།
2018ལོར་ས་ཆ་དེར་འགྱུར་ལྡོག་བྱུང་ཞིང་། བསྡོམས་མ་རྩ་སྒོར་དུང་ཕྱུར་1.6བཏང་བའི་རྣམ་གྲངས་དེ་ལུང་ཤུར་དེའི་ནང་བསྐྲུན་ཡོད།
“འདི་ནི་ཆབ་མདོ་གྲོང་ཁྱེར་གྱིས་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་བཏང་བའི་དབུལ་སྐྱོར་ཐོན་ལས་ཤིག་རེད། ཞིང་ལས་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་400ཟིན་པ་དང་དུས་ཐེངས་གཉིས་ལ་དབྱེ་ནས་ལག་ལེན་བསྟར་ཏེ། དུས་ཐེངས་དང་པོའི་འཛུགས་སྐྲུན་རྣམ་གྲངས་ནང་རབས་གཉིས་པའི་ནུས་རྒྱུ་གྲོན་ཆུང་དྲོད་ཁང་སྟར་པ་21དང་དེ་བཞིན་རྫས་འགྱུར་བརྟག་དཔྱད་ཞིབ་འཇུག་ཁང་དང་གསོ་སྦྱོང་སློབ་གྲྭ་སོགས་ཚུད་ཡོད། དུས་ཐེངས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ནང་རབས་གཉིས་པའི་ནུས་རྒྱུ་གྲོན་ཆུང་གི་དྲོད་ཁང་སྟར་པ་26དང་དེའི་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་ལས་གྲྭ་ཚུད་ཡོད”ཅེས་དགེ་ལེགས་ཀྱིས་ངོ་སྤྲོད་བྱེད་ཞོར་རི་ལྡེབས་སུ་མཛུབ་མོ་བཙུགས་ཏེ“ང་ཚོས་མཐོང་བ་འདི་དག་ནི་དུས་ཐེངས་དང་པོར་བསྐྲུན་ཟིན་པའི་རབས་གཉིས་པའི་ནུས་རྒྱུ་གྲོན་ཆུང་གི་དྲོད་ཁང་སྟར་པ་21དང་དེའི་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་རེད། དེར་བསྡོམས་མ་དངུལ་སྒོར་ཁྲི་2000བཏང་ཡོད”ཅེས་བཤད།
ལོ་28ལ་སླེབས་པའི་དགེ་ལེགས་སློབ་གྲྭ་ཐོན་ནས་ལོ་5སོང་ཡོད། ལོ་དེ་དག་ནང་གཤམ་སྐྱོད་གྲོང་སྡོད་བྱས་པས། གཞི་རིམ་ལའང་ངོས་འཛིན་གསར་པ་མང་པོ་ཞིག་བྱུང་ཡོད། “དེ་སྔོན་གྲོང་ཚོ་མང་པོ་ཞིག་ལ་གློག་དང་བརྡ་རྟགས་མེད་ལ། དགུན་ཁ་ཆུ་དཀོན་པོ་ཆགས་ཀྱི་ཡོད། ད་ཆ་གནས་ཚུལ་དེ་དག་ལེགས་བཅོས་ཆེན་པོ་བྱུང་ཡོད”ཅེས་དགེ་ལེགས་ཀྱིས་བཤད།
དགེ་ལེགས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད། ངས་ཞིང་ལས་གླིང་ནི་ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་ཀྱིས་ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བོད་སྐྱོར་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ལག་ལེན་བསྟར་བའི་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པ་ཤེས་བྱུང་།
ང་རང་དྲིལ་བསྒྲགས་སྒྲོམ་བྱང་ལ་ལྟ་བཞིན་པའི་སྐབས་སུ། “ཁྱེད་ཚོ་དྲོད་ཁང་ནང་ཕེབས་ནས་གཟིགས་ཙམ་གནང་དང་། ང་ཚོས་ཚལ་རིགས་མི་འདྲ་བ་མང་པོ་བཏབ་ཡོད”ཅེས་ཕོ་གཞོན་ཞིག་གིས་ང་ཚོར་དེ་ལྟར་བཤད། ཁོང་ལ་མཱ་ཝུན་མིང་ཟེར་བ་དང་འདི་ལོ་ལོ་45ལ་སླེབས་ཤིང་། ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་ཐའོ་ཡོན་ཆིང་ཤིང་འབྲས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཏུང་ཧྲི་ཡིན་ལ། ཁ་རུབ་ཆུས་དེང་རབས་ཞིང་ལས་གླིང་གི་ཐེན་ཅིན་ནས་ཡོང་བའི་འགན་འཁུར་བ་དང་གསོ་སྦྱོང་འཛིན་གྲྭའི་ལག་རྩལ་མཛུབ་ཁྲིད་པ་གཅིག་ལྕོགས་ཀྱང་རེད།
དགེ་ལེགས་ཀྱིས་ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་སྦྲགས་ཁ་རུབ་ཆུས་དང་ཐ་ན་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཚང་མས་འདི་གར་ཆེད་ལས་ལག་རྩལ་རིན་མེད་ངང་སྦྱོང་བར་ཡོང་ཆོག གསོ་སྦྱོང་བརྒྱུད་ཁོང་ཚོས་ལག་རྩལ་སྣ་གཅིག་ཤེས་ཚེ་ཞིང་ལས་གླིང་གི་ཐོན་ལས་ལས་བཟོར་འཇུག་གི་ཡོད་པས་དབུལ་སྒྲོལ་བརྟན་པོ་ཐུབ་ཀྱི་ཡོད་ཅེས་བཤད་བྱུང་།
མཱ་ཝུན་མིང་གིས་དགེ་ཕྲུག་9ཉར་བ་དེ་དག་ཚང་མ་ཉེ་འགྲམ་གྱི་གྲོང་མི་རེད། ཁོང་གིས“ངས་ཁོང་ཚོར་ལག་རྩལ་བྱང་ཆུབ་པ་བསླབས་རྗེས། ཁོང་ཚོས་མི་གཞན་དག་ལ་སློབ་ཏུ་འཇུག་གི་ཡོད། ང་ཚོའི་ཞིང་ལས་གླིང་གིས་ད་ཆ་ཡུལ་དེའི་མང་ཚོགས་42འཛུགས་སྐྲུན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ད་དུང་མང་ཚོགས་50ཙམ་སྐྱེལ་འདྲེན་ནང་ཞུགས་ཡོད་པས། ཁོང་ཚོར་ཟླ་རེར་འབབ་འཕར་སྒོར་4500ཡོང་གི་ཡོད”ཅེས་བཤད་བྱུང་།
“རྣམ་གྲངས་འདི་ལག་ལེན་བསྟར་དོན་ནི་ཉེ་འགྲམ་གྱི་མི་སེར་ཕ་ཡུལ་དང་རང་ས་རང་ཡུལ་ནས་ཁ་འབྲལ་ཏེ་ཕྱིར་གླ་པར་བསྐྱོད་མི་དགོས་པའི་ཆེད་དུ་ཡིན་པ་མ་ཟད། གསོ་སྦྱོང་བྱས་པ་བརྒྱུད་མཐར་ཁོང་ཚོ་མི་ཚང་རེས་དྲོད་ཁང་རེར་གཡོག་བྱེད་བྱེད་ཆོག་པ་དང་། དྲོད་ཁང་རེ་ནས་ལོ་རེར་སྒོར་ཁྲི་15རག་ངེས་ཡིན་པ་སྨོས་མེད་རེད”ཅེས་མཱ་ཝུན་མིང་གིས་དེ་ལྟར་བཤད་བྱུང་།
འཚར་བདེ་བ་དང་ཕན་འབྲས་ཐོན་མྱུར་བའི་ཞའོ་པད་ཚལ་དང་། པོ་ཚལ། སུར་པན་སོགས་ཕུད། ཞིང་ལས་གླིང་གིས་ད་དུང་ཚལ་རིགས་སྣ་ཁ་གསར་པ་མང་པོ་ནང་འདྲེན་བྱས་པ་དཔེར་ན་ལ་ཕུག་སྔོན་པོ་དང་། ལ་ཕུག་དམར་པོ། ཐེན་ཀྭ ཤང་ཀྭ་སོགས་ལྟ་བུ་རེད།
སྐྱེ་འཚར་ལེགས་པའི་སྔོ་ཚལ་དང་ཤིང་འབྲས་དེ་དག་ལ་ལྟ་བཞིན་དགེ་ལེགས་ཀྱིས“ཐོན་ལས་འདི་རྒྱ་སྟོབས་ཆེ་རུ་ཕྱིན་རྗེས་ཁེ་ལས་ལ་ལོ་ལྟར་ལས་གཉེར་ཡོང་འབབ་སྒོར་ཁྲི་700ཙམ་ཡོང་གི་རེད། གྲོང་ཚོའི་མཉམ་སྡེབ་ལ་ས་ཞིང་གི་བོགས་གླ་ནས་ལོ་ལྟར་ཁེ་འབབ་སྒོར་ཁྲི་54རག་གི་ཡོད་པ་དེས་ཡུལ་དེའི་མང་ཚོགས་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག ཞིང་ལས་གླིང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རིང་མང་ཚོགས་ཚོ་ཁེ་ལས་དང་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་ཕན་པ་ཐོབ་ནས་ཐོན་ལས་དབུལ་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་ནས་གཞན་བརྟེན་ནས་རང་བརྟེན་དུ་གྱུར་ཏེ་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཐུབ་པ་རེད”ཅེས་སྒམ་ནན་ངང་བཤད་བྱུང་།
དགེ་ལེགས་ཀྱིས་ང་ལ་ཞིང་ལས་གླིང་གི་རྣམ་གྲངས་བསྐྲུན་ཟིན་རྗེས“དེང་རབས་ཞིང་ལས་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4ལ་ཡུན་རིང་གི་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་མི་རེར་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་5000ཟིན་གྱི་ཡོད། སྐབས་འཕྲལ་ལས་མི་མི་ཐེངས་600ལྷག་ཙམ་བསྡུས་པར་བསྡོམས་གླ་ཆ་སྒོར་ཁྲི་10ལྷག་ཙམ་སྤྲད་ཡོད་ཅེས་བཤད་བྱུང་།