འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་རྫོང་མཚོ་གྲོང་ཚོའི་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཡིན་པ།
ཉི་མ་ནུབ་ཁར་སྤེན་པས་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྟོན་རླུང་དང་འགྲོགས་ཏེ་འུར་རྡོ་རྒྱག་ཞོར་སྐད་ཤུགས་ཆེན་པོས་ལུག་ཁྱུ་ལྷས་རར་དེད། ལོ་མང་ཆར་རླུང་ཉི་སྲེག་ཁྲོད་འདའ་བའི་ངོ་གདོང་གཉེར་མས་ཁེངས་ནས་རྒན་བཟོ་དོད་མོད། འོན་ཀྱང་ས་བབ་མཐོ་ཚད་སྨི་4400ཡི་རྩྭ་ཐང་ཐོག་ཏུ་སྣང་བ་སྐྱིད་པའི་སྤེན་པའི་གོམ་པ་གློག་ལྟར་མྱུར།
འདི་ལོ་ལོ་47ལ་སླེབས་པའི་སྤེན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་རྫོང་མཚོ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་མ་ཟད། གྲོང་ཚོའི་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་གི“གཡང་དཔོན་དང་པོ”ཡང་རེད། ལུག་འཚོས་ནས་ལོ་30ལྷག་ཙམ་སོང་བའི་ཁོང་ལ་མཉམ་ལས་ཁང་ལ་ཞུགས་རྗེས་དངུལ་སྨར་ཡོང་འབབ་ཐེངས་དང་པོ་བྱུང་ཞིང་། ཁོང་གིས་མཉམ་ལས་ཀྱི་སྟོབས་ཤུགས་ཆེ་ཤོས་རེད་འདུག་ཅེས་བཤད།
སྤེན་པ་སྡོད་སའི་རྫོང་མཚོ་གྲོང་ཚོ་ནི་དིང་རི་རྫོང་ཉི་ཤར་ཤང་གི་ཤང་སྲིད་གཞུང་གནས་ཡུལ་ཡིན་མོད། འོན་ཀྱང་ས་ཆ་ཁུག་ཀྱོག་ཡིན་པའི་ཁར། བྱེ་རླུང་ཆེ་བ་དང་། ཐང་རྒོད་ཅན་ཚབས་ཆེ་བ་སོགས་ཀྱིས་རྐྱེན་པས་ཇོ་མ་གླང་མ་དང་བར་ཐག་སྤྱི་ལེ་བརྒྱ་ཡང་མེད་པའི་གྲོང་ཚོ་དེར་སྤྱིར་ན་ཉི་མ་ཤར་བའི་དྲོད་ཁོལ་ཡེ་ནས་འབྱུང་མྱོང་མེད།
ཟླ་བ་འགའ་ཤས་གོང་དུ། རྫོང་མཚོ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་གོ་ལེང་དེ་གར་སླེབས་མ་ཐག་ཕྱིར་དྲན་བྱེད་ཐབས་བྲལ་བའི་གྲོང་ཚོའི་འདས་དོན་དག་རྣ་བར་ཐོས།
“སྤྱིར་ན་ལོ་ཏོག་ས་ཞིང་ལས་སྐྱེས་མོད། འོན་ཀྱང་རྫོང་མཚོ་གྲོང་ཚོའི་དུད་ཁྱིམ་མི་ཉུང་བ་ཞིག་གི་ལོ་ཏོག་མཐེ་བོང་ཀེར་ནས་བྱུང་བ་ཞིག་རེད”ལིའུ་གོ་ལེང་གིས། སྔོན་ཆད་སྟོན་ཏོག་མ་བསྡུས་གོང་གྲོང་མི་ཚོ་ཁྱུ་དང་ཁྱུ་བྱས་ཏེ་སློང་རྒྱག་པར་འགྲོ་ཞིང་། “མཐེ་བོང་གནམ་ལ་ཀེར་ཏེ་སྐུ་མཁྱེན་ཞེས་བཟའ་འབྲུ་སློང་གི་ཡོད”ལོ་འགའ་ཤས་གོང་རྫོང་མཚོ་གྲོང་ཚོའི་སློང་རྒྱག་པའི་སྣང་ཚུལ་ཉུང་དུ་སོང་མོད། འོན་ཀྱང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྔར་མུས་བཞིན་རྫོང་དེའི་མཇུག་ཏུ་ལུས་ཡོད་ཅེས་བཤད།
ཏང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ལས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་དེར་དབུལ་སྒྲོལ་གྱི་གོ་སྐབས་ཤིག་བྱུང་ཡོད།
2015ལོའི་ཟླ་4པར་ནེ་པ་ལར་ས་ཡོམ་བརྒྱབ་རྗེས་ཀྲུང་ནེའི་མཐའ་མཚམས་དང་བར་ཐག་མི་རིང་བའི་རྫོང་མཚོ་གྲོང་ཚོར་ཡོམ་རྗེས་བསྐྱར་སྐྲུན་བྱས་ཤིང་། གྲོང་མི་ཚང་མ་ཉེན་ཡོད་སྡོད་ཁང་ནས་སྤོས་པ་དང་། གྲོང་ཚོ་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གོང་རིམ་གྱི་རོགས་རམ་འོག སླར་ཡང་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཅིང་། ཐོན་ཁུངས་ཁ་ཐང་བའི་འཇུར་མིག་བསལ་ཏེ་མཉམ་ལས་ཁང་བཙུགས་ནས་མཉམ་སྡེབ་ཐོག་ལུག་གསོ་ཚགས་བྱེད་པ་དེ་གྲོང་ཚོའི་གདམ་ག་གསར་པར་གྱུར།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རང་ཉིད་ཀྱིས་འགོ་ཁྲིད་དེ་མ་དངུལ་བཏོན་ནས་མཉམ་ལས་ཁང་གི་ལས་འཛིན་པའི་འགན་ཁུར། གྲོང་ཚོའི་ལས་བྱེད་པ་ཚོ་ཕྱིར་སློབ་སྦྱོང་ལ་བསྐྱོད་ནས་གྲོང་ཚོར་ལོག་རྗེས་སྡོད་ཁོམ་མེད་པར་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་གྲོང་མི་རྣམས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། གྲོང་མི་ཚོ་བློ་མ་བདེ་བ་བྱུང་བ་ཤེས་སྐབས། ཧྲུའུ་ཅི་བསོད་ནམས་ཀྱིས“མ་རྐང་ནང་ཞུགས་ཕྱིན་གལ་ཏེ་ཁེ་བཟང་རག་ཚེ་ཁྱེད་ཚོར་དབང་བ་དང་གྱོང་རག་ཚེ་ང་རང་གིས་གསབ་ཀྱི་ཡིན”ཞེས་གྲོང་མི་ཚོར་ཁས་བླངས། 2019ལོའི་ཟླ་3པར་རྫོང་མཚོ་གྲོང་ཚོའི་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་གཉེར་འགོ་བཙུགས།
སྤེན་པ་ནི་རྫོང་མཚོ་གྲོང་ཚོའི་ལུག་གསོ་ཚགས་དུད་ཚང་ཆེ་ཤོས་ཡིན་པ་དང་། ཁོང་གིས་ཁྱིམ་གྱི་ལུག་80ཚང་མ་མ་རྐང་ནང་བཞག་རྗེས་ལུག་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་རྐྱེན་ཁོང་མཉམ་ལས་ཁང་གི་ལུག་རྫིར་བདམས། ལས་གནས་གསར་པའི་ཐོག་སྤེན་པས་ལུག་གསོ་ཚགས་བྱེད་སྟངས་གསར་པ་ཞིག་ཤེས་པ་སྟེ། མཉམ་ལས་ཁང་གིས་རྒྱུད་བཟང་ལུག་ནང་འདྲེན་བྱས་ཏེ་ལུག་ཁྱུའི་སྤུས་ཀ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ལུག་འཚོ་སྐབས་ལུགས་མཐུན་ངང་ལུག་ཁྱུ་སོ་སོར་ཕྱེ་སྟེ་རྩྭས་གྲོད་པ་རྒྱགས་དྲག་པ་དང་མི་རྒྱགས་པ་དོ་མི་སྙོམས་པའི་གནད་དོན་སྔོན་འགོག་བྱེད་པ། དགུན་ཁ་ཤར་སྐབས་མཉམ་ལས་ཁང་གིས་ཕྱིར་ལུག་འཚོ་བར་ཉུང་ཙམ་བསྐྱོད་ནས་གཟན་རྩྭ་ཉོས་ཏེ་ལུག་ཁྱུ་ལུག་རར་གསོ་བ་ལ་སོགས་རེད།
གཟན་རྩྭ་འདང་ངེས་ཡོད་རྐྱེན་བཤས་བཏང་བའི་ལུག་ཁག་དང་པོ་སྤེན་པས་དེ་སྔོན་འཚོས་པའི་ལུག་ལས་རྒྱ་མ་བཅུ་གྲངས་ཀྱིས་ཤ་ཤེད་བཟང་བ་ཡོད་པ་མ་ཟད། སྤུས་ཀ་དག་པ་དང་། བྲོ་བ་ཆེ་བ། དྲི་ངན་མི་ཁ་བ་བཅས་ཀྱི་གམ་པའི་ལུག་ཤའི་ཁྱད་ཆོས་ཀྱང་མངོན་པས་ཁྲོམ་རར་མཁོ་སྤྲོད་མི་འདང་བ་བྱེད་ཀྱི་ཡོད། བསོད་ནམས་ཀྱིས་ངོ་སྤྲོད་བྱས་དོན། མཉམ་ལས་ཁང་བཙུགས་པའི་ལོ་དེར་ཡོང་འབབ་སྒོར་ཁྲི་73བྱུང་བ་དང་འདི་ལོ་ཚུན་དུ་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་འདུག སྔོན་དཔག་བྱས་ན། ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་གཅིག་ཡན་ཟིན་རྒྱུ་རེད།
སྔོན་ཆད་སྤེན་པ་ལུག་རྫི་བྱེད་སྐབས་ལོ་གཅིག་ལ་ལུག་བཅུ་གྲངས་བཤས་བཏང་ནས་ནང་མི་ཚོ་གསོ་བ་ལས་འབབ་ཁུངས་གཞན་ཧ་ལམ་མེད། མཉམ་ལས་ཁང་ལ་ཞུགས་རྗེས་ཁོང་ལ་ལོ་གཅིག་རིང་གླ་ཕོགས་སྒོར་ཁྲི་2.8ཡོད་པ་དང་། འདི་ལོ་ལུག་80ཡི་རྐང་ཞུགས་ཁེ་སྤོགས་སྒོར་ཁྲི་4ཟིན་རེ་ཡོད་པ་རེད།
སྤེན་པ་རང་ཉིད་ཀྱི་གཡང་དཔོན་གྱི་ལས་ཀར་ཧ་ཅང་དགའ་པོ་ཡོད། “དེ་སྔོན་རང་ཁྱིམ་གྱི་ལུག་འཚོ་སྐབས་ལུག་ཁ་ཤས་བརླགས་ཀྱང་གཅེན་པོས་མ་གཏོགས་གཤེ་གཤེ་གཏོང་མཁན་མེད་ཙང་སྣང་བ་མི་འདུག འོན་ཏེ་ད་ཆ་མཉམ་སྡེབ་ཀྱི་ལུག་འཚོས་པར་བརྟེན་ལུག་བརླག་དོགས་པའི་སེམས་ཁྲལ་ཆེན་པོ་འདུག”ཅེས་སྤེན་པས་གསར་འགོད་པར་སྐད་ཆ་ཚིག་ཁ་ཤས་བཤད་ནས་གང་མགྱོགས་རྒྱང་རིང་དུ་བཞུད་ཟིན་པའི་ལུག་ཁྱུ་འདེད་པར་བསྐྱོད།
འབབ་འཕར་ལ་རམ་འདེགས་བྱེད་པ་ཕུད་མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་མཉམ་སྡེབ་གསོ་ཚགས་བྱས་སྟབས་རྩྭ་རར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཐུབ་པ་དང་། རྫོང་མཚོ་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལའང་བཅིངས་འགྲོལ་ཐོབ་ཅིང་། ད་ཆ་གྲོང་ཚོ་ཡོངས་སུ་ཕྱིར་གླ་པར་སྐྱོད་མཁན་དེ་སྔོན་གྱི་སུམ་ཅུ་བཞི་བཅུ་ནས་ད་ཆའི་བརྒྱ་ལྷག་ཙམ་བར་མང་དུ་སོང་ཡོད། ཉི་ཤར་ཤང་གི་ཤང་ཀྲང་ལི་ཆིང་ཧྭ་ཡིས། སྔོན་ཆད་གྲོང་མི་ཚོ་སོ་སོའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་རིམ་བཞིན་མཉམ་སྡེབ་ཀྱི་འདུ་ཤེས་ཤིག་ཆགས་ཡོད། “འདི་ལོ་མཉམ་ལས་ཁང་གིས་ལྷས་ར་རྒྱས་སྐྲུན་བྱེད་སྐབས་ཚང་མ་ངལ་ནུས་ནང་ཧུར་ཐག་ཞུགས་ཡོད། རྒྱུན་དུ་ལུག་འཚོ་བ་དང་། ལུག་ཤ་རླངས་འཁོར་ནང་བླུགས་པ། གཟན་རྩྭ་འབེབས་པ་སོགས་བྱེད་སྐབས་ཀྱང་ཚང་མས་རིན་མེད་ངང་རོགས་རམ་བྱེད་ཀྱི་ཡོད”ཅེས་བཤད།
མཉམ་ལས་ཁང་ཞིག་གིས་གྲོང་ཚོ་དབུལ་པོའི་རྣམ་པར་འགྱུར་ལྡོག་བཏང་ཞིང་། བསོད་ནམས་ཀྱིས། གྲོང་ཚོས་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་སྟེ། གྲོང་མི་ཚོ་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་བ་དེ་ནི་དངོས་འབྲེལ“ཉི་མར་ཕྱོགས་ནས་འཚོ་བ་སྐྱེལ་མཁན”ཉི་ཤར་ཤང་རང་རེད་ཅེས་བཤད།
བསོད་ནམས་ཀྱིས། མཉམ་ལས་ཁང་གི་མདུན་ལམ་བཟང་པོ་ཡོད་པའི་དབང་གིས་གྲོང་མི་ཚོས་ཀྱང་ས་ཞིང་ཚང་མ་མཉམ་ལས་ཁང་གི་མ་རྐང་ནང་བཞག་པ་རེད། “འདེབས་འཛུགས་དང་གསོ་ཚགས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་བརྒྱུད། ངལ་རྩོལ་ནུས་ཤུགས་ལ་སྔར་བས་བཅིངས་འགྲོལ་ཐོབ་རྒྱུ་རེད་ལ། རྫོང་མཚོ་གྲོང་ཚོའི་གྲོང་མི་ཚོའི་འཚོ་བའང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུ་རེད”ཅེས་བཤད།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་རྫོང་མཚོ་གྲོང་ཚོའི་རྣམ་པ་ཡིན་པ།
ལོ་47ལ་སླེབས་པའི་སྤེན་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་རྫོང་མཚོ་གྲོང་ཚོའི་འབྲོག་རར་ལུག་འཚོ་བཞིན་པ།