རིག་གནས་ལས་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ།
“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། བོད་ཀྱི་རིག་གནས་སྡེ་ཚན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་འཁུར་ནས། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་སེམས་པའི་བརྟེན་ས་དང་། བློ་ཁ་ཕྱོགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཐོན་པ།
2019ལོར། ཕུལ་བྱུང་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པ་ལྷ་ས་དང་། ནག་ཆུ། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་ཟླ་བ་གཉིས་ལྷག་ཙམ་སོང་ཡོད། དེའི་རིང་དྲ་ཐོག་དང་དྲ་ཕྱིའི་ལྟད་མོ་བ་ཁྲི་30ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད། ཟློས་གར་དེའི་ནང་སྦྱོང་བསྐྱར་མའི་འཁྲབ་ཁྲིད་པ་ཆུང་བདག་གིས“གཏམ་བརྗོད་ཟློས་གར་དེ་ནི་ཡུལ་དུས་འགྲིམ་ལམ་ཞིག་དང་འདྲ་བར། ཚང་མར་སྔོན་ཆད་ཀྱི་འཚོ་བར་དངོས་སུ་སླེབས་པའི་སྣང་བ་ཞིག་སྟེར་གྱི་ཡོད། བོད་རྙིང་པའི་སྡུག་བསྔལ་བརྒྱུད་ན་གཞི་ནས་བོད་གསར་པའི་བདེ་སྐྱིད་དེ་བས་ཚོར་ཐུབ་པ་དང་། ལོ་རྒྱུས་ཕྱིར་དྲན་བྱས་ཚེ་གཞི་ནས་ད་ཆར་དེ་བས་གཅེས་སྤྲས་བྱེད་ཐུབ”ཅེས་བཤད།
《སྐྱེས་མི་ཆོག་པའི་མི》ནི་རང་ལྗོངས་ཀྱི་རིག་གནས་ལས་དོན་གོང་འཕེལ་བྱུང་བའི་མཚོན་ཚུལ་ཙམ་རེད།
“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས། སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བསྐྲུན་པའི་ཐད་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་དང་། གསར་བརྗེའི་ལོ་རྒྱུས་ཀྱི་བརྗོད་བྱ། དོན་དངོས་ཀྱི་བརྗོད་བྱ། “ཀྲུང་གོའི་ཕུགས་འདུན”སོགས་བརྗོད་དོན་གཙོ་བོའི་གསར་རྩོམ་གྱི་ཚ་རླབས་འཕྱུར་ཏེ། རིམ་རྩིས་བྱས་ན་ཟློས་གར(ལེ་ཚན)ཁག་4000ལྷག་ཙམ་གསར་རྩོམ་བྱས་པ་རེད། བརྗོད་དོན་གཙོ་བོའི་གླུ་གར་མཚན་ཚོགས《གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད》ཅེས་པ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་གྱི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ཞེས་པར་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལེགས་འབུལ་གཏམ་བརྗོད་ཟློས་གར《བར་སྐོར་གྱི་སྒོ་ར་བྱང་མ》ཞེས་པ་དེ་གནས་ཚུལ་ཆུང་ངུའི་ཐོག་ནས་ཆེན་པོ་མངོན་པའི་ཐབས་ལམ་སྤྱད་དེ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མངོན་པ་མ་ཟད། ཟློས་གར་འདི“རྒྱལ་ཡོངས་ཀྱི་གར་སྟེགས་སྒྱུ་རྩལ་ཕུལ་བྱུང་འདུ་འགོད་ཆེ་གྲས་བཅུའི”གསར་རྩོམ་རོགས་སྐྱོར་གྱི་འཁྲབ་ཚན་ནང་བཅུག་པ་རེད། ལོ་ལྔའི་རིང་བོད་ཀྱི་རིག་གནས་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
སྲོལ་རྒྱུན་རིག་གནས་ལས་བཀྲག་མདངས་གསར་པ་མངོན་པ།
ལོ་ལྔའི་རིང་རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་རྩོམ་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ནས་མངོན་མིན་རིག་གནས་ཤུལ་བཞག་དང་། རིག་དངོས། གནའ་དཔེ་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསོན་ཉམས་དོད་པོས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2019ལོའི་ལོ་མཇུག་བར་རང་ལྗོངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་3ཡོད་པ་དང་། རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89དང་། རྣམ་གྲངས་460 རྣམ་གྲངས་487 རྣམ་གྲངས་1364བཅས་སོ་སོར་ཟིན་པ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96དང་། 522 254 425བཅས་སོ་སོར་ཟིན་གྱི་ཡོད། 《བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་དང་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁ་གསབ་དངུལ་སྒོར་ཁྲི་2དང་སྒོར་ཁྲི་1བར་སོ་སོར་ཟིན་ཡོད།
2019ལོར་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་15མང་དུ་ཕྱིན་པ་དང་། ད་ཆ་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་70ཡོད། མིག་སྔར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་འགྲེམས་ཁང་གསར་པའི་འགྲེམས་སྟོན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། འདི་ལོ“སྤྲིན་ཚོགས་མཉམ་སྤྱོད”ཀྱི་རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཁག་དང་པོ་དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་རང་ལྗོངས་འདི་ཉིད་གནའ་དཔེ་དང་ཚད་ལྡན་ཡིག་ཆའི“སྤྲིན་ཚོགས་ལྟ་ཀློག”གི་དུས་རབས་སུ་སླེབས་པ་མཚོན་གྱི་ཡོད།
སྤྱི་པའི་རིག་གནས་མཉམ་སྐྲུན་མཉམ་སྤྱོད་བྱས་པ།
ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་སྐྱིད་ཚོར་སྣང་བཅས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད།
2019ལོའི་ལོ་མཇུག་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་ཚང་མ་དོན་འཁྱོལ་ཐུབ་ནས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་སྔ་རྗེས་སུ་བསྐྲུན་པ་རེད། ལྗོངས་ཡོངས་སུ་སྤྱི་པའི་རིག་གནས་སྒྲིག་བཀོད་7058ཡོད་པ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཞིང་། གྲོང་ཁྱེར་དང་ས་གནས་ཁག་ལ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཡོད་པ་དང་། རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ས་ཚིགས་ཡོད་པ། 53%གྱི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ནང་སྦྱོང་བྱེད་ས་ཡོད། ལོ་རེར་ཆ་སྙོམས་དམངས་ཕན་འཁྲབ་སྟོན་སྣ་ཚོགས་ཐེངས་8000ལྷག་ཙམ་བྱས་པ་དང་། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་1500ཙམ་ལ་ཁྱབ་ཡོད།
རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་འཛུགས་སྐྲུན་དང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་གྲོང་ཚོ་5492ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་ལས་ཀ་ཚང་མ་ལེགས་སྒྲུབ་བྱུང་ཡོད། སྤྱི་པའི་གྲངས་གཞིའི་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གཤོང་ཚད་TB9.33ཟིན་པའི་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཀྱི་གྲངས་གཞིའི་ཐོན་ཁུངས་50ལྷག་ཙམ་དང་། གཤོང་ཚད་TB20ཟིན་པའི་ཕྱི་ནས་ཉོས་པའི་ཐོན་ཁུངས་2950ལྷག་ཙམ། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་ཕབ་སྒྱུར་གྲངས་གཞིའི་ཐོན་ཁུངས་ཆུ་ཚོད་4169ཙམ་བཅས་ཟིན་ཡོད།
རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ།
ལོ་ལྔའི་རིང་། རང་ལྗོངས་ཀྱི་གསར་བརྗེའི་རྗེས་ཤུལ་དང་ཁྱད་ལྡན་རིག་གནས་སོགས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ནུས་ལྡན་ཐུབ་ནས་རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། རྒྱལ་རྩེའི་རྫོང་རིའི་དབྱིན་འགོག་རྗེས་ཤུལ་དང་མངའ་རིས་ཀྱི“དཔའ་བོའི་སྔོན་སྐྱོད་ལེན”གྱི་རྗེས་ཤུལ་སོགས་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་དང་གསར་བརྗེའི་ཡུལ་སྐོར་བོད་ཀྱི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཡིག་ཚགས་ཁང་དང་། ཐན་ཀོན་སན་དྲན་གསོ་ཁང་། ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའུ་དང་པོ་གནས་ས་རྙིང་པ་སོགས་གསར་བརྗེའི་རིག་དངོས་དག་ས་གནས་དེ་གའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། 2019ལོའི་ལོ་མཇུག་བར། རང་ལྗོངས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་དང་ས་ཁུལ། ཆུས་དང་རྫོང་བཅས་རིམ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་234ཡོད་པར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་53ཟིན་པ་དང་ལོ་རེར་ཆ་སྙོམས་15%འཕར་གྱི་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་གླུ་གར་རོལ་རྩེད་དང་འཁྲབ་སྟོན་བྱ་ཡུལ་དུ་ཞིང་འབྲོག་པ་མི་གྲངས་ཁྲི་1.58ལས་ཞུགས་གཞན་སྒྱུར་ཐུབ་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཁེ་ལས་7000ལྷག་ཙམ་གྱིས་ལས་ཞུགས་ལས་གནས་ཁྲི་6ལྷག་ཙམ་ཐག་གཅོད་བྱས་པའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་ཞུགས་ལས་གནས་ཁྲི་1.1ལྷག་ཙམ་ཐག་གཅོད་བྱས་པ་དང་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་འཁྲབ་སྟོན་ཐེངས་1200ཙམ་བྱས་པར་ཡུལ་སྐོར་བ་མི་ཐེངས་ཁྲི་300ཙམ་ལ་སྣེ་ལེན་བྱས་པ་ལས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ལས་གནས་200ལྷག་ཙམ་མཁོ་འདོན་ཐུབ་པར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད།
2020ལོའི་ཟླ་7པ་བར། ལྗོངས་ཡོངས་སུ་ཁྱོན་བཟོ་ཁང་97བཙུགས་པ་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1460ཡི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་། མི་དེ་དག་གིས་ཐང་ག་བཞེངས་པ། སྤོས་བཟོ་བ། ཤིང་བརྐོས་རྒྱག་པ། འཁེལ་འཐག་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས། མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱིས་མི་1066ཐད་ཀར་དབུལ་སྒྲོལ་སྐུལ་ཁྲིད་ཐུབ་པས་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3150བྱུང་བ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕྱུག་པོ་ཆགས་པ་ནས་རྒྱུན་འཛིན་བྱེད་མཁན་ཚང་མ་འབབ་འཕར་ཕྱུག་འགྱུར་ཡོང་བའི་བར་གྱི་མཆོང་སྐྱོད་བྱུང་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པར”ཕྱིར་མིག་ལྟ་སྐབས། རང་ལྗོངས་ཀྱི་རིག་གནས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འབྱུང་འགྱུར་ལོ་ལྔའི་ནང་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། གཞི་རིམ་རིག་གནས་ཀྱི་འཐབ་ས་གཙོ་བོ་བརྟན་དུ་བཏང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རིག་སྟོབས་ཀྱི་འདེགས་སྐྱོར་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་ཧུར་ཐག་བྱེད་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣