ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ལྕང་རྒྱབ་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་གནས་ཡོད།
བཟང་པོ་ནི་ལྕང་རྒྱབ་གྲོང་ཚོའི་ཆུ་ལམ་བདག་སྐྱོང་པ་ཞིག་རེད། ཉིན་ལྟར་ནམ་ལངས་མ་ཐག་བཟང་པོ་མལ་ལས་ལངས་རྗེས་ཉིན་གཅིག་གི་སྐོར་གཡེང་ལས་ལ་གཞོལ་འགོ་ཚུགས་ཤིང་། བཟང་པོས་སྐོར་གཡེང་བྱེད་པའི་གཙང་པོ་དེའི་མིང་ལ་འཕན་པོ་གཙང་པོ་ཟེར་བ་དང་ལྷ་ས་སྐྱིད་ཆུའི་ཡན་ལག་གཙང་པོ་ཞིག་རེད།
ལོ་35ལ་སླེབས་པའི་བཟང་པོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྕང་རྒྱབ་གྲོང་ཚོའི་གྲོང་མི་ཡིན་ཞིང་། 2019ལོར་བཟང་པོ་དབུལ་སྐྱོར་བྱ་ཡུལ་ཞིག་ཡིན་པའི་ངོས་ནས་གྲོང་ཚོ་དང་གྲོང་རྡལ་རིམ་པ་གཉིས་ཀྱིས་འདེམས་སྒྲུག་དང་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་ཆུ་ལམ་བདག་སྐྱོང་པ་ཞིག་ཏུ་གྱུར་ཏེ་འཕན་པོ་གཙང་པོའི་ལྕང་རྒྱབ་གྲོང་ཚོ་ནས་ལྕང་རྒྱབ་གྲོང་ཚོའི་དབུ་རྒྱན་ཚོགས་ཆུང་དུམ་བུའི་བར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་3ཡོད་པའི་ཆུ་ལམ་ལ་རྒྱུན་གཏན་སྐོར་གཡེང་གི་ལས་འགན་ཁུར་གྱི་ཡོད།
གཙང་པོར་སྐོར་གཡེང་བྱེད་ཐེངས་གཅིག་ལ་ཆུ་ཚོད་གཉིས་ཙམ་འགོར་གྱི་ཡོད་པ་དང་ཉིན་ལྟར་སྐོར་གཡེང་ཐེངས་གསུམ་བྱེད་ཀྱི་ཡོད། ཆུ་ཁར་བཙོག་པ་ཡོད་མེད་དང་། ཆུ་འགྲམ་དུ་གད་སྙིགས་ཡོད་མེད། ཆུ་ལམ་བདག་སྐྱོང་ཁུལ་དུ་བྱེ་མ་འདོན་པ་དང་ས་ལེན་པ་དང་སྒྲིག་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཡོད་མེད་སོགས་ཚང་མ་བཟང་པོའི་བདག་སྐྱོང་ལས་འགན་རེད།
བཟང་པོ་དང་འདྲ་བའི་ཆུ་ལམ་སྐོར་གཡེང་པ་ལྷུན་གྲུབ་རྫོང་དུ་མིག་སྔར་218ཡོད། ལྷུན་གྲུབ་རྫོང་ཁོངས་སུ་ཆུ་རྒྱུད་མང་པོ་ཡོད་པ་དང་རྫོང་ཡོངས་ཀྱི་མངའ་ཁོངས་ཀྱི་ཆུ་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་423.53ཡོད་པ་དང་ཆུ་ལམ་གཙོ་བོའི་རིང་ཚད་ལ་སྤྱི་ལེ་182.5ཡོད་པ་རེད། 2018ལོར་ལྷུན་གྲུབ་རྫོང་གིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་འགོ་ཚུགས་པ་དང་ཆུ་འགྲམ་དུ་ཆུ་དཔོན་ལམ་ལུགས་ཀྱི་དོ་དམ་ཡོངས་བསྒྲགས་བྱང་བུ་སྔ་རྗེས་སུ་བསླངས་ནས་ཆུ་དཔོན་ཁ་གསལ་བཟོས་པ་དང་ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པ་མ་ཟད། ཤང་དང་གྲོང་རྡལ་སོ་སོའི་གཙང་པོའི་དབྱེ་མཚམས་གསལ་པོ་བཟོས་པའི་ཁར་ས་མཚམས་དབྱེ་འབྱེད་རྡོ་རིང་ཡང་བཙུགས་ནས་ཤང་གྲོང་ཁག་གི་ཆུ་དཔོན་གྱི་ལས་ཀའི་དོ་དམ་ཁྱབ་ཁོངས་ཁ་གསལ་བཟོས་ཡོད།
བཟང་པོས། དང་ཐོག་གཙང་པོར་སྐོར་གཡེང་བྱེད་སྐབས་གཙང་འགྲམ་དུ་འཚོ་བའི་གད་སྙིགས་མང་པོ་ཡོད་པ་མ་ཟད། ད་དུང་གྲོང་མིས་ཆུ་ལམ་དུ་གད་སྙིགས་བཤོས་པ་སོགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉེ་ཆར་གཙང་པོར་སྐོར་གཡེང་ཐེངས་མང་བྱས་པ་བརྒྱུད་གད་སྙིགས་རིམ་བཞིན་ཉུང་དུ་འགྲོ་བཞིན་འདུག སྐབས་རེ་སྐོར་གཡེང་བྱེད་ཐེངས་རེར་གད་སྙིགས་རྩྭ་རས་ཕྱེད་ཀའང་མི་འདུག་ཅེས་བཤད།
ལྷ་ས་སྐྱིད་ཆུའི་སྨད་རྒྱུད་དུ་གནས་པའི་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོ་འདི་ཉིད་ས་རྒྱ་ཆུང་ཡང་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་ཡོད། གྲོང་ཚོའི་ནང་སྐྱོད་སྐབས་ལམ་གཡས་གཡོན་གྱི་སྔོ་ཐིང་ངེར་གནས་པའི་ལྕང་མ་དང་ཞིང་ཁ་གཉིས་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱིས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་ཡོད། གྲོང་ཚོའི་སྲང་ལམ་དག་ནི་གཙང་ལ་གྲལ་འགྲིག་པ་ཞིག་ཡོད།
གནམ་ཤང་ལྗང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས་ང་ཚོ་ཁྲིད་དེ་གྲོང་ཚོའི་ནང་ལྟ་སྐོར་བྱེད་བཞིན“སྔོན་ཆད་འདི་གར་འཕྲོད་བསྟེན་ཆ་རྐྱེན་ཞན་པས་བྱ་རིགས་ཀྱི་སྐྱག་གཅིན་མང་བ་དང་། སྦྲང་ནག་མང་བ། གད་སྙིགས་མང་བ་བཅས་ཡོད། ད་ཆ་གྲོང་ཁྱེར་ཡོངས་སུ་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་འཛུགས་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོའི་གྲོང་ཚོས‘ཏང་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་གཏོད’བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་ཡུལ་སྲོལ་གོམས་གཤིས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་པ། དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་བ། སྲོལ་གསར་སྤྱོད་བཟང་འཛུགས་པ། ལུགས་རྙིང་སྲོལ་ངན་དོར་བ་བཅས་བྱས་ནས་ཧུར་བརྩོན་སྐྱོན་བྲལ་དང་ཤེས་དཔལ་ཡར་བརྩོན་གྱི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་འཇགས་པར་བྱས་ཡོད། ད་ཆ་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་། ཡུལ་སྲོལ་དང་དམངས་སྲོལ་ཡག་པ། གྲོང་ཚོའི་རྣམ་པ་གསར་པར་གྱུར་ཡོད”ཅེས་བཤད།
ཁོར་ཡུག་ལེགས་སུ་ཕྱིན་ལ་གྲོང་མིའི་འཚོ་བའང་དེ་བས་སྐྱིད་སྣང་དོད་དུ་སོང་ཡོད། 2016ལོར་པ་སངས་ཚེ་རིང་གིས་བློ་ཁོག་ཆེན་པོས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་སྣེ་ཁྲིད་དེ་རྨོ་ཞིང་མུའུ་329བརྒྱུད་བཤུག་བཏང་ནས་མ་རྨོས་ལོ་ཏོག་དང་བྲ་བོ་སོགས་ཚོད་འདེབས་བྱ་རྒྱུ་དེ་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་འབབ་འཕར་ཐབས་ལམ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་བྱེད་ཐབས་ཤིག་ཏུ་བརྩིས་པས་ལོ་མཇུག་ཏུ་ཁེ་གཙང་ཡོང་འབབ་སྒོར་ཁྲི་52.64བྱུང་ནས་ཆ་སྙོམས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་རེར་འབབ་འཕར་སྒོར་3000བྱུང་ཡོད།
2017ལོར་པ་སངས་ཚེ་རིང་གིས་ལོ་གོང་མའི་ལས་དོན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ཏེ་མཉམ་སྡེབ་གསར་སྤེལ་བྱས་པའི་རྨོ་ཞིང་མུའུ་1038དེ་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས། མཉམ་སྡེབ་དཔལ་འབྱོར་རྒྱ་སྐྱེད། གནད་སྨིན་དབུལ་སྐྱོར་དང་འབབ་འཕར་ཕྱུག་འགྱུར་བཅས་ཀྱི་རྟེན་གཞི་གལ་ཆེན་དང་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། ཚན་ཁག་གི་ཁོངས་མི་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་སྣེ་ཁྲིད་དེ་རྨོ་ཞིང་མུའུ་1038ཐོག་མ་རྨོས་ལོ་ཏོག་དང་སྲན་ནག་སོགས་བཏབ་སྟེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་54ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2800བྱུང་བ་དང་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་40བྱུང་ཡོད།
ཆུ་ཤུར་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་ཞིག་ཡིན་པ་དང་། ལྗང་གྲོང་ཚོ་ནི་ཆུ་ཤུར་རྫོང་གི་གྲོང་གསེབ་སྒྱུར་བཅོས་ཀྱི་སྔོན་སྐྱོད་པ་ཡིན་པའི་ངོས་ནས། གྲོང་གསེབ་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་དང་། གྲོང་གསེབ་ཀྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པ། ཁང་ས་གཏའ་འཇོག་གིས་དངུལ་བུན་གཡར་བ་སོགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་འགན་སྔ་རྗེས་སུ་འཁུར་ཡོད། ལྷག་པར་དུ་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་བསྒྱུར་བཅོས་ཁྲོད། པ་སངས་ཚེ་རིང་གིས་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་ལྗང་གྲོང་ཚོར་དམིགས་བསལ་དུ་ལྡན་པའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་དང་ལག་བསྟར་བྱས་ཡོད། ལྗང་གྲོང་ཚོའི་མ་རྐང་མཉམ་ལས་ཁང་དང་ཆུ་ཤུར་རྫོང་ཆི་ལིང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་སྦྲགས། 2018ལོ་ནས་བཟུང་། ལོ་ལྟར་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་མཁན་མང་ཚོགས་རེར་བགོ་འགྲེམས་སྒོར་100རེ་སྤྲད་པ་དང་ལོ་ལྟར་50%ཡི་ཚད་གཞིའི་ཐོག་ནས་མང་དུ་གཏོང་གི་ཡོད། 2018ལོ་ཁོ་ནར་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་70ལྷག་ཙམ་བྱུང་བ་དང་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་སྒོར་ཁྲི་400ལྷག་ཙམ་བར་འཕར་ནས་བགོ་འགྲེམས་སྒོར་ཁྲི་14.2ཟིན་ཡོད་པ་རེད།