འགོ་འཛུགས་ས་གསར་པར་ལངས་ནས། འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འགོ་ཚུགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དམིགས་བསལ་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་མཐོར་གཏོང་གི་དུས་མཚམས་སུ་སླེབས་པ།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དེ་གཅིག་སྡུད་འགག་སྒྲོལ་དུས་མཚམས་ནས་སྲ་བརྟན་རིམ་སྤོར་གྱི་དུས་མཚམས་སུ་ཕྱོགས་ཡོངས་ནས་བསྒྱུར་ཏེ། བལྟོས་བཅས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་བྱས་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཡོངས་ཀྱི་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། “རིམ་ལྔའི་ཧྲུའུ་ཅིས”འགག་སྒྲོལ་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན། དབུལ་སྒྲོལ་བརྟན་པོ་དང་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ལ་དམིགས་པ། 《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《དབུལ་པོ་རང་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》 《ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔ་རྗེས་སུ་འདོན་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ། ཕན་འབྲས་ཡུན་རིང་ཐོན་པ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་། སྤུས་ཚད་རྒྱུན་མཐུད་མཐོར་གཏོང་། ཕན་འབྲས་རྒྱུན་མཐུད་མངོན་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
2019ལོའི་ལོ་མཇུག་བར། རང་ལྗོངས་ཀྱི་རྫོང(ཆུས)74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་མི་འབོར་དབུལ་པོའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་པས། ལོ་བཞི་བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་ཡག་པོར”གཏན་འཁེལ་བྱས་པ་དང་། ཕྱོགས་གསུམ་པས་དཔྱད་དཔོག་བྱས་པ་བརྒྱུད་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མང་ཚོགས་བློ་ཡིད་ཚིམ་ཚད་99%ལྷག་ཙམ་ཟིན་ཡོད་པ་རེད།
ཕྱུག་འགྱུར་སྣེ་ཁྲིད་པ་དེ་བས་མང་བ་གསོ་སྐྱོང་བྱས་པ།
དཀའ་ཚེགས་ཆེ་བའི་རང་བྱུང་ཆ་རྐྱེན་གྱིས་དཔལ་མགོན་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་ལ་འགོག་རྐྱེན་སྤུ་ཙམ་ཡང་བཟོས་མེད་ཅིང་། 2018ལོར་རྫོང་དེར་དབུལ་པོ་ཆགས་ཚད་0.83%བར་ཆག་ནས་དབུལ་ཞྭ་ཕུད་ཡོད་པ་རེད།
“དམངས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད‘འགྲུབ་དུས’མེད་པར‘བྱེད་པའི་དུས’ཀྱང་ཡིན་ཞིང་། རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགག་རྩ་ནི་རང་ངོས་ཀྱི་ལེགས་ཆ་གནད་ལ་འཁེལ་པོས་འཚོལ་རྒྱུ་དེ་ཡིན”ཞེས་དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཆོས་དར་གྱིས་བརྗོད།
རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འབྲོག་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཡུལ་སྐོར་གསར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད། དཔལ་མགོན་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་འགོ་བརྩམས་ཡོད་པ་རེད།
དཔལ་མགོན་རྫོང་གི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་ལས་རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་ནུས་ལྡན་དང་དད་སེམས་བརྟན་པོ་མངོན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་འགག་སྒྲོལ་རྗེས་སུ་ཇི་ཙམ་ལུས་ཚེ། དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི”ནན་བཤད་གནང་ཡོད།
འདི་ནི་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་བཏོན་པའི་བླང་བྱ་ཁ་གསལ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
2011ལོ་ནས་བཟུང་། རང་ལྗོངས་ཀྱིས་གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་ནས་ཁག་ཐེངས་9ཡི་ལས་བྱེད་པ་མི་ཐེངས་ཁྲི་19.3ལྷག་ཙམ་གྲོང་སྡོད་རོགས་སྐྱོར་ལས་དོན་སྤེལ་བར་མུ་མཐུད་འདེམས་གཏོང་བྱས་པ་དང་། ཁག་ཐེངས་3གྱི་ལས་བྱེད་པ་མི་ཐེངས་ཁྲི་1.6ལྷག་ཙམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་རྒྱུར་འདེམས་མངགས་བྱས་ཤིང་། ལོ་4ལྷག་ཙམ་རིང་རྨང་བརྟན་དམངས་ཕན་ཐད་མ་དངུལ་སྒོར་དུང་ཕྱུར་33དོན་འཁྱོལ་བྱས་ཡོད་པ་རེད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་100%ནི་ཏང་ཡོན་གྱི་གྲུབ་འབྲས་ཡིན་པས་སྲ་བརྟན་དུ་བཏང་ནས། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་ཁྱོན་3476གསོ་སྐྱོང་བྱས་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་599དག་ཐེར་བྱས་པ། ཚད་ལྡན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་2513གསར་དུ་བསྐྲུན་པ། བྱེད་སྒོ་སྤེལ་ཡུལ་354བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་བཅས་བརྒྱུད། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འགྱུར་བཞིན་ཡོད་པ་རེད།
“ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱས་པ་དང་འབྲེལ“བསམ་བློའི་གནད་དོན”ཐག་གཅོད་དེ་བས་བྱས་པ།
མང་ཚོགས་དབུལ་པོ་ནི་དབུལ་སྒྲོལ་འགག་སྒྲོལ་བྱ་ཡུལ་ཡིན་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་པོ་དེ་བས་ཡིན།
ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཆུ་གློག་ལམ་འཕྲིན་དྲ་དང་། ཚན་སློབ་རིག་འཕྲོད་བཅས་འགན་ལེན་བྱེད་པའི”མཐོར་གཏོང་ལས་གྲྭ་ཁག་བཅུ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དུས་མཚུངས། རིག་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱས་པ་དང་འབྲེལ“བསམ་བློའི་གནད་དོན”ཐག་གཅོད་དེ་བས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བ་བྱེད་པའི་ལས་དོན་ཧུར་ཐག་བསྒྲུབས་ཡོད་པ་རེད།
ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཐོན་ལས་དབུལ་སྐྱོར་གྱི་བྱེད་པོ་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། རིམ་རྩིས་ལྟར་ན། 2016ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་398.9བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2984ལག་བསྟར་བྱས་པ་དང་མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པས་མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་11མ་མཐའི་འཚོ་བའི་འགན་ལེན་གྱི་ཐ་སྐྱོང་ནང་བཅུག་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་སྲིད་གཞུང་གི་སྨན་བཅོས་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་མི་འབོར་དབུལ་པོ་ཚང་མ་སྨན་བཅོས་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་སྟེ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག”མི་འབོར་སྟབས་བསྟུན་མེད་པར་བཟོས་པ་རེད།
“གང་འདྲ་བྱས་ནས་སྤོ་བ”དང་། སྤོས་རྗེས“གང་འདྲ་བྱེད་དགོས་མིན”གྱི་གནད་དོན་ལ་གཞིགས་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་965ཚན་རིག་དང་མཐུན་པའི་ངང་བདམས་པ་དང་། ལས་གནས་དང་བསྟུན་ནས་གནས་སྤོ་གཏན་འཁེལ་དང་། ལས་ཀར་བརྟེན་ནས་གནས་སྤོ་གཏན་འཁེལ། ལེ་ལག་ཚང་བར་ཤུགས་སྣོན་བཅས་ཀྱིས་མི་ཁྲི་26.6ཚང་མ་གནས་སྤོ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
རྒྱུན་འཇགས་དབུལ་པོ་འགོག་པའི་དམིགས་ཚད་ལ་གཞིགས་ནས། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོར་སྐྱེས་པ་ནས་ལོ་15བར་གྱི་སློབ་ལོ་ལོན་པའི་ལོ་ཆུང་བྱིས་པའི་ཆ་འཕྲིན་མཛོད་བཙུགས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཤོར་དང་སློབ་མཚམས་ཆད་པའི་སློབ་མ་5213ཚང་མ་སློབ་གྲྭར་བསྐྱོད་རྒྱུའི་ཁ་ཏ་བསླབ་བྱ་བྱས་པས། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་རྒྱུ་སྟབས་བསྟུན་མེད་པ་བཟོས་ཡོད། མཐོ་སློབ་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མ་དབུལ་པོར་ཕྱོགས་པའི་ཆེད་དོན་སློབ་བསྡུའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་འབྲེལ“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། རིམ་རྩིས་ལྟར་ན། སློབ་གྲྭར་འགྲོ་མུས་ཀྱི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་མི་ཐེངས་ཁྲི་4.68ལ་རོགས་དངུལ་སྤྲད་ཡོད་པ་རེད།
ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས“མངགས་ཐོ་རྣམ་པ་དང་གསོ་སྦྱོང་རྣམ་པའི”བྱེད་སྟངས་དང་། ཆེད་མངགས་གདན་ཞུ། བོད་སྐྱོར་ལས་གནས་མཁོ་འདོན། རྣམ་གྲངས་སྐུལ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་17.63ལ་གསོ་སྦྱོང་བྱས་པ་དང་སྦྲགས་མི་ཐེངས་ཁྲི་34.05ལས་ཞུགས་གཞན་སྒྱུར་བྱས་ཡོད་པ་རེད།
རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་དབྱིན་ཧྥུན་ཧྲུའེ་ཡིས“ལྗོངས་ཡོངས་ཀྱི་ས་གནས་ཁག་གི་གཞི་རིམ་གྱིས་དབུལ་སྐྱོར་ལ་མཐོང་ཆེན་བྱེད་རྒྱུ་དེ་བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱས་ནས། མི་སེར་གྱི‘སྒུག་བརྟེན་སློང’གསུམ་གྱི་རྗེས་ལུས་ཀྱི་འདུ་ཤེས་རིམ་བཞིན་བསྒྱུར་ཡོད། དེ་དང་ཆབས་ཅིག་ངལ་ནུས་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་བས། ལས་ཀ་བྱེད་ཤེས་པ་དང་གླ་པ་རྒྱུག་འདོད་པའི་མང་ཚོགས་ཇེ་མང་དུ་ཕྱིན་ཡོད་ལ། འབབ་འཕར་ཡང་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་བརྗོད།
དབུལ་ཞྭ་ཕུད་པ་ནི་རྫོགས་རྟགས་བཀོད་པ་ཞིག་མིན་པར། འཚོ་བ་གསར་པར་སྐྱོད་པ་དང་འབད་འཐབ་གསར་པ་བྱེད་པའི་འགོ་འཛུགས་ས་ཞིག་ཡིན་ཞིང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་མཛེས་སྡུག་ལྡན་པའི་འཚོ་བ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པས་བདེ་སྐྱིད་ཀྱི་འོད་ཟེར་གངས་ལྗོངས་ས་མཐོར་རབ་ཏུ་འཕྲོས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣