དབུ་ཤོག>ཆེད་སྒྲིག
  • སྤོས་ཀྱི་ཐོན་ལས་དར། དམངས་ཀྱི་བསམ་དོན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-23

    ཉིན་ཤས་གོང་། གསར་འགོད་པ་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་བསྐྱོད་དེ། སྤོས་བཟོའི་ལག་རྩལ་རྒྱུན་འཛིན་གྱི་སྲོལ་རྒྱུན་གྲོང་ཚོས་རྒྱུན་ཆད་མེད་པར་སྤོས་ཀྱི་ཐོན་ལས་གོང་འཕེལ་བཏང་ནས་རིག་གནས་ཀྱི་མིང་བྱང་གྲགས་ཅན་བཏོད་ཚུལ་ལ་ཤེས་རྟོགས་བྱས་པ་ཡིན།

    ཡུལ་མི་བསོད་ནམས་ནོར་བུས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པ་ཁྱིམ་དུ་ཁྲིད་ཅིང་། ཁོང་གི་སྡོད་ས་ནི་རྒྱ་ཆེ་བའི་བོད་བཟོའི་ཁང་པ་ཐོག་སོ་གཉིས་ལྡན་ཞིག་ཡིན་ལ་ཐོག་སོ་དང་པོ་ནི་སྤོས་བཟོ་ས་དང་། ཐོག་སོ་གཉིས་པ་ནི་ནང་མི་སྡོད་ས་རེད། 2009ལོར་ཐོན་མདའ་གྲོང་ཚོའི་བདེ་སྡོད་ལས་གྲྭའི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་བསོད་ནམས་ནོར་བུས་ཐོག་ཁང་དེ་བརྒྱབ། “དེ་སྔོན་གྲོང་ཚོའི་འགྲོ་ལམ་ཡག་པོ་མེད་ནའང་ད་ཆ་གྲོང་ཚོའི་ནང་རྡོ་གཅལ་ལམ་བཏིང་ཁར་མི་ཚང་ཚང་མར་འགྲིམ་འགྲུལ་འཁོར་རིགས་ཀྱང་ཡོད་པ་རེད། ད་དུང་གློག་ཁྲིད་པས་ཡུལ་སྐོར་བ་ཡང་ཇེ་མང་དུ་སོང་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད”ཁོམ་དུས་སུ་བསོད་ནམས་ནོར་བུ་ཁྱིམ་ནས་དོན་ཏེ་གྲོང་ཚོའི་ནང་འཆམ་འཆམ་དུ་འགྲོ་བ་དང་། ཡུལ་སྐོར་བ་འཕྲད་ཚེ་ཁོང་གིས་རང་འགུལ་ངང་ལོ་འདི་དག་རིང་གི་ཐོན་མདའ་གྲོང་ཚོའི་ཉམས་དགའ་བའི་འགྱུར་ལྡོག་སྐོར་གླེང་གི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁ་གཏད་རོགས་སྐྲུན་གྱི་རོགས་སྐྱོར་འོག་སྙེ་མོ་རྫོང་གིས་ཡུལ་མིའི་སྡོད་ཁང་རྙིང་པ་རྣམས་དེང་རབས་སྒྲིག་བཀོད་ཅན་གྱི་ཁང་པར་རྒྱས་སྐྲུན་བྱས་པ་དང་། འཆར་འགོད་དང་ཇུས་འགོད་ཟུང་འབྲེལ་གྱིས་ཡུལ་མིའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་ཏེ་གྲོང་ཚོའི་ཁང་པའི་བཀོད་པ་དང་། ཡུལ་མིའི་སྡོད་ཁང་འདེམས་སྟངས། གྲོང་ཚོའི་ཡུལ་ལྗོངས་བཅས་ལ་བཅོས་སྒྲིག་བྱས་པ་མ་ཟད། སྤོས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐོན་མདའ་གྲོང་ཚོར་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་པ་རེད།

    ཕྱི་དྲོར་ཡུལ་སྐོར་བ་ཧའོ་ཅང་ཤིའུ་ཡིས་སྙེ་མོའི་སྤོས་ཀྱི་བཟོ་རྩལ་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེའི་ཁྱིམ་དུ་སོང་ནས་སྤོས་བཟོ་སྟངས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཁར་དྲ་ལམ་དུ་ཐད་གཏོང་ཡང་བྱས་ཡོད། “ང་ནི་ཀན་སུའུ་ནས་ཡོང་བ་ཞིག་ཡིན། ཆེད་མངགས་སྙེ་མོ་རྫོང་གི་སྤོས་བཟོ་སྟངས་ལ་ལྟ་བར་ཡོང་བ་ཡིན། གནས་འདི་ཧ་ཅང་མཛེས་ལ་ཉམས་དགའ་བ་ཞིག་འདུག ད་དུང་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱང་ལྡན”ཞེས་ཧའོ་ཅང་ཤིའུ་ཡིས་དགའ་སྤྲོའི་ངང་བརྗོད།

    ཐོན་མདའ་གྲོང་ཚོའི་མི་ཚང་ཀུན་གྱི་སྒོ་རྩར“སྤོས་བཟོའི་དུད་ཚང”ཞེས་སྦྱར་ཡོད།

    ཐོན་མདའ་གྲོང་ཚོའི་ཡུལ་སྐོར་འཆར་འགོད་དང་འཛུགས་སྐྲུན་བྱེད་ཐོག་མའི་དུས་སུ། སྙེ་མོ་རྫོང་གིས་ཐོན་མདའ་གྲོང་ཚོའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་སྤོས་ཐོན་སྐྱེད་མཉམ་ལས་ཁང་དང་། ཐོན་མདའ་ཡུལ་སྐོར་མཉམ་ལས་ཁང་། ཡུལ་མིའི་སྣོད་བཅུད་ཁོར་ཡུག་རང་སྐྱོང་ཨུ་ཡོན་ལྷན་ཁང་། སྤོས་ཐོན་སྐྱེད་དང་བྲིན་ཚོང་མཐུན་ཚོགས་སོགས་གྲོང་ཚོའི་མཉམ་ལས་ཁང་ངམ་ཡང་ན་རང་སྐྱོང་རྩ་འཛུགས་བཙུགས་ཏེ། ཐོན་མདའ་གྲོང་ཚོའི་གྲོང་མིའི་འཐུས་ཚབ་ཡུལ་སྐོར་རྣམ་པའི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རྟོག་ཞིབ་བྱེད་པར་གདན་དྲངས་ནས་གྲོང་མིས་འཆར་འགོད་ལ་ཤེས་རྟོགས་དང་ཡུལ་སྐོར་འཕེལ་རྒྱས་ལ་ངོས་འཛིན་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ཐོན་པའི་སྤོས་དེ་ཉིད་ཡུལ་སྐོར་ཐོན་རྫས་གལ་ཆེན་ཞིག་ལ་བརྩིས་ནས་གསར་སྤེལ་དང་། རྒྱལ་ལམ་318རྒྱུད་དུ་སྤོས་ཀྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་ཏེ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ནས། ཁྱིམ་ཚང་ཚང་མས་ཡུལ་སྐོར་ནང་ཞུགས་པ་དང་དུད་ཚང་ཚང་མས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སྤྱོད་ཐུབ་པ་བྱས་ཡོད། “ང་ཚོ་ཐོན་མདའ་གྲོང་ཚོས་2018ལོར་གྲོང་མིའི་ཁང་པ་200ལྷག་ཙམ་བརྒྱབ་སྟེ་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ་དང་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་བ་མ་ཟད། ད་དུང་གྲོང་ཚོ་ཧྲིལ་པོའི་བདེ་ཐང་འཐུང་ཆུའི་གནད་དོན་ཡང་ཐག་གཅོད་བྱས་པ་དང་། ལམ་སྒྲོན་གསལ་པོ་བཟོས་པས། གྲོང་ཚོ་ཧྲིལ་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེར་བརྟེན་ང་ལ་མུ་མཐུད་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་ཡིད་ཆེས་ཡོད”ཅེས་ཐོན་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་དེ་ལྟར་བཤད།

    གྲོང་ཚོའི་ནང་སྤོས་ཐོན་སྐྱེད་བཟོ་ཁང་མང་པོ་ཡོད་པ་དང་སྤོས་ཆག་པ་མང་པོ་ཐོན་མདའ་གྲོང་ཚོ་ནས་ལྗོངས་ཕྱི་ནང་དུ་བཙོངས་ཡོད། “རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ”དང“རྒྱལ་ཡོངས་སྣོད་བཅུད་རིག་གནས་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་དེ་དག་ལས་ཐོན་མདའ་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། གོམ་སྟབས་རྗེས་མར་ཐོན་མདའ་གྲོང་ཚོས་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མཚན་སྙན་ལ་བརྟེན་ནས། ཁུལ་ཡོངས་སུ་ཡུལ་སྐོར་གྱི་གྲུབ་འབྲས་མུ་མཐུད་རྒྱ་ཆེར་བཏང་སྟེ་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚབ་མཚོན་ཡག་པོ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།