“དེ་རིང་ཁ་སང་ཚོང་ཧ་ཅང་ཡག་པོ་འདུག ད་ལྟ་སྐྲ་བཞར་ཁང་གི་ཟླ་རེའི་ཡོང་འབབ་ཁེ་གཙང་སྒོར་3000ཡས་མས་ཟིན་གྱི་འདུག”ཅེས་ཁྲེང་ཀོན་ཆུས་ཨེན་ཧུའེ་ཡོན་སྡེ་ཁུལ་གྱི“ལའོ་མིང་སྐྲ་བཞར་ཁང”གི་གཉེར་སྐྱོང་པ་འཛོམས་པས་དགའ་བ་ཆེན་པོས་བཤད།
འཛོམས་པའི“ལའོ་མིང་སྐྲ་བཞར་ཁང”རྒྱ་ཁྱོན་དེ་ཙམ་ཆེན་པོ་མེད་རུང་གཙང་སྦྲ་དོད་ཅིང་། ཁང་པའི་སྒྲིག་ཆས་ཆ་ཚང་པོ་ཡོད། གསར་འགོད་པ་སྐྲ་བཞར་ཁང་དེའི་ནང་སྐྱོད་སྐབས། འཛོམས་པས་ལག་ལ་སྐྲ་ཤད་དང་ཇེམ་ཙེ་འཁྱེར་ཏེ། རྩལ་དང་ལྡན་པའི་སྒོ་ནས་སྐྲ་བཞར་བཞིན་འདུག ལོ་28ལ་སླེབས་པའི་འཛོམས་པ་ནི་ལྷུན་གྲུབ་རྫོང་ངར་ནང་ཤང་ཀ་ལེབ་གྲོང་ཚོ་ནས་རེད། ངར་ནང་ཤང་དུ་ཐོན་ཁུངས་ཁ་ཐང་སྟབས་ཡུལ་གྱི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི་གནད་དོན་ཡུན་རིང་ལྷག་ཡོད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་ཚུན། འཛོམས་པས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཐབས་ལམ་བརྒྱུད་གྲོང་ཁྱེར་དུ་སྤོས་ཤིང་། ཁོ་མོས་ཏང་གི་སྲིད་ཇུས་བཟང་པོ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབད་འབུངས་བྱས་པས། མཐར་རང་མགོ་རང་ཐོན་བྱུང་བ་མ་ཟད། དབུལ་སྒྲོལ་ཡང་བྱུང་སྟེ་ཕྱུག་པོའི་ལམ་དུ་སྐྱོད་བཞིན་མཆིས།
སློབ་ཆུང་ལོ་རིམ་ལྔ་པར་སྐྱོད་པའི་དུས་སུ། སྟབས་མི་ལེགས་པར་བརྡབས་ཆག་བྱུང་ནས་རྐང་པར་སྐྱོན་ཤོར། དེ་གོང་འཛོམས་པའི་ཁྱིམ་དུ་ཞིང་ཁ་མེད་པས་ནང་མི་དགུ་པོ་རྣམས་ཚོང་སྒྱུར་ཁང་པ་གླས་ནས་སྡོད་པ་དང་གཞན་གྱི་ཕྱུགས་རིགས་འཚོ་བར་བསྐྱོད་ནས་འཚོ་ཐབས་བྱེད་དགོས་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། 2009ལོར་ལྷུན་གྲུབ་རྫོང་གིས་དབང་པོ་སྐྱོན་ཅན་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱེད་པ་གོ་ཐོས་བྱུང་མ་ཐག་འཛོམས་པས་ཐོ་འགོད་པར་བསྐྱོད། གསོ་སྦྱོང་ལ་ཞུགས་པ་བརྒྱུད་འཛོམས་པས་མཛེས་བཟོ་དང་སྐྲ་བཞར་གྱི་ལག་རྩལ་ཁོང་དུ་ཆུད། 2016ལོའི་ལོ་སྨད་དུ་འཛོམས་པ་དང་བཅས་པའི་ནང་མི་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་བརྒྱུད་ཁྲེང་ཀོན་ཆུས་ཨེན་ཧུའེ་ཡོན་སྡེ་ཁུལ་དུ་སྤོ་རྒྱུ་བྱུང་བ་ལས་ཁོ་མོར་སྤྲོ་བ་དཔག་མེད་བྱུང་། སྡེ་ཁུལ་དུ་སྤོས་ནས་ཡུན་རིང་མ་སོང་བར་འཛོམས་པས་ཨེན་ཧུའེ་ཡོན་སྡེ་ཁུལ་གྱི་གནས་སྤོས་འབྲེལ་གཏུག་ས་ཚིགས་སུ་བཅའ་སྡོད་བྱེད་མཁན་ལྷུན་གྲུབ་རྫོང་གི་མཉམ་སྤོས་ལས་བྱེད་པ་བཙལ་ནས་ལྷ་སར་ཚོང་ཁང་གཅིག་འཛུགས་རྒྱུའི་རང་ཉིད་ཀྱི་བསམ་འདུན་ཞུས།
འབྲེལ་ཡོད་སྡེ་ཚན་དང་མཉམ་སྤོས་ལས་བྱེད་པའི་རོགས་རམ་འོག 2018ལོའི་ཟླ་བ་དྲུག་པར་སྐྲ་བཞར་ཁང་འཛུཌ་རྒྱུའི་འཛོམས་པའི་བསམ་འདུན་གྲུབ། བྱང་ཆུབ་པའི་ལག་རྩལ་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་སྐྲ་བཞར་ཁང་གི་ཚོང་ཉིན་རེ་ལས་ཉིན་རེ་མ་འདས་པར་ཡག་ཏུ་སོང་ཞིང་། ལོ་བཞི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། འཛོམས་པ་དང་བཅས་པའི་ནང་མི་ཚང་མའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག འཚོ་བའང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེཌ་སུ་སོང་། ད་ཆ་འཛོམས་པས་ཁ་ལོ་བའི་ལག་རྩལ་སྦྱངས་པ་མ་ཟད། རླངས་འཁོར་ཞིག་ཀྱང་ཉོས་ཡོད། འཛོམས་པ་དང་བཅས་པའི་ནང་མི་ཚང་མ་འབྱུང་འགྱུར་གྱི་འཚོ་བ་དེ་བས་ཀྱང་ཡག་ཏུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཀྱིས་ཁེངས།
རང་བརྟེན་དབུལ་སྒྲོལ་བྱུང་རྗེས་འཛོམས་པས་ཉེ་འཁོར་གྱི་མི་བརྗེད་མེད་ཅིང་། ཁོ་མོས་རྒྱུན་དུ“སྡེ་ཁུལ་དུ་སྐྲ་བཞར་ཁང་བཙུགས་པ་ལས་ཡོང་འབབ་བརྟན་པོ་བྱུང་། ད་ཆ་ང་ཚོའི་ནང་མི་ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ཡི་འདུག འབྱུང་འགྱུར་གྱི་ལོ་ཟླའི་ནང་ངས་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་བཏོན་ནས་དགེ་ཕྲུག་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་དང་། རྒྱ་ཆེའི་གྲོང་མིར་ཞབས་འདེགས་ཞུ་རྒྱུ། སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གཏོད་རྒྱུ་ཡིན”ཞེས་བརྗོད།