དབུ་ཤོག>ཆེད་སྒྲིག
  • ​ སྨར་ཁམས་རྫོང་རྨོག་ཤོད་ཤང་གི་མང་ཚོཌ་ཀྱིས་རྒུན་འབྲུམ་དང་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱུག་པོའི་ལམ་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-21

    རྫོང་གྲོང་དང་བར་ཐག་སྤྱི་ལེ་142ཙམ་ལས་མེད་པ་དང་ཆ་སྙོམས་ས་བབ་སྨི་2200ཟིན་པའི་རྨོག་ཤོད་ཤང་དེ་རྫ་ཆུའི་ངོགས་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་བླ་རི་ཤང་དང་གཙང་པོས་བར་ཆོད་པ། སྨར་ཁམས་རྫོང་གི་ལྷོ་རྒྱུད་བཅས་སུ་ཆགས་ཡོད།

    རྨོག་ཤོད་ཤང་གི་ལེགས་ཆ་དང་ཞན་ཆ་གསལ་པོ་མཐོང་ཐུབ་པ་སྟེ།

    ཞན་ཆ་ནི་ཞིང་ལས་གཅིག་པུར་བརྟེན་པའི་ཤང་ཞིག་ཡིན་པའི་ངོས་ནས་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ་0.75ཙམ་ལས་མེད་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ཆེན་པོ་ཡོད་ཀྱང་ནགས་ཁྲོད་ཐོན་ཁུངས་འཐུ་བསྡུའི་ཡོང་འབབ་རྩ་བའི་ཆ་ནས་མེད་པ། ཞིང་ལས་སྔར་བཞིན་སྲོལ་རྒྱུན་གྱི་ཞིང་ལས་ཀྱི་རྣམ་པ་སྟེ། ནས་དང་། གྲོ། མ་རྨོས་ལོ་ཏོག་བཅས་གཙོ་བོ་བྱས་ནས་འདེབས་པ་ལས་དཔལ་འབྱོར་གྱི་ལོ་ཏོག་མང་པོ་མེད།

    ལེགས་ཆ་ནི་ཡུན་ནན་དང་བར་ཐག་ཉེ་བ་དང་། ས་བབ་དམའ་བ། རྫ་ཆུའི་ངོགས་སུ་ཆགས་པ། ལྷག་པར་དུ་ས་ཁོངས་ཀྱི་ལེགས་ཆ་དང་གནམ་གཤིས་ཀྱི་ལེགས་ཆ་ཧ་ཅང་མངོན་གསལ་དོད་པོ་ཡོད།

    དུས་ཡུན་རིང་པོའི་ནང་རྨོག་ཤོད་ཤང་དུ་མི་མང་རུང་ས་ཞིང་ཉུང་བར་བརྟེན། ངལ་རྩོལ་ནུས་ཤུགས་མང་ཆེ་བ་ཕྱུག་འགྱུར་སྣེ་ཁྲིད་པའི་སྣེ་ཁྲིད་འོག་ཕྱིར་གླ་པ་རྒྱུག་པར་འགྲོ་གི་ཡོད། བསྡོམས་རྩིས་ལྟར་ན། ཕྱིར་གླ་པ་རྒྱུག་པར་འགྲོ་མཁན་ཡུལ་མི་ཤང་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་90%ཡན་ཟིན་པ་དང་དེ་བྱིངས་ནི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་། བུད་མེད། རྒན་རྒོན། ཕྲུ་གུ་བཅས་རེད།

    དེར་བརྟེན་ཤང་དུ་བསྡད་པའི་མང་ཚོགས་ལ་སྐུལ་ཁྲིད་ཇི་ལྟར་བྱེད་དགོས་མིན་དེ་ཤང་ཏང་ཨུད་དང་སྲིད་གཞུང་ལ་མིག་སྔར་འཕྲད་པའི་དཀའ་གནད་ཅིག་རེད།

    ལས་མི་ཉུང་བ་དང་། གཏོང་ཆ་ཆུང་བ། ཕན་འབྲས་ཐོན་མགྱོཌ་པ། ཉེན་ཁ་ཆུང་བ་བཅས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ལས་ལམ་བུ་གཞན་མེད།

    ཁ་རྒྱུན་དུ་གྲ་སྒྲིག་ཡོད་མཁན་ལ་གོ་སྐབས་མང་ཞེས་པ་ལྟར། རྨོག་ཤོད་ཤང་གི་ས་ཁམས་ཆགས་སྟངས་ལས་གནམ་གཤིས་ཀྱི་ཐུན་མིན་ཆ་རྐྱེན་བཏོད་པར“མུ་ཏིག་ནག་པོ”བཏབ་ན་འཚམ་པོ་ཡོད། 

    2009ལོར་བཙུགས་པའི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ཀྲེན་པའོ་ཨ་རག་ལས་རིགས་ཚད་ཡོད་ཀུང་སིས་རྒུན་འབྲུམ་ཨ་རག་བསྙལ་བཟོ་དང་བྲིན་ཚོང་བྱས་པ་ལས་རྨོག་ཤོད་ཤང་ལ་རྒུན་འབྲུམ་ཨ་རག་ཐོན་ལས་འཕེལ་རྒྱས་གཏོང་བའི་ལེགས་ཆ་བྱུང་།

    2013ལོར་རྨོག་ཤོད་ཤང་གིས་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ས་ཁོངས་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་སྦྲགས། ཁྲོམ་རའི་གནས་ཚུལ་དང་དུད་ཚང་དབུལ་པོའི་རང་ངོས་ཀྱི་ནུས་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“སྲིད་གཞུང་གིས་རོགས་སྐྱོར+ཞིང་དུད་ཀྱིས་འདེབས་འཛུགས+ཁེ་ལས་ཀྱིས་ཉོ་སྒྲུབ”བཅས་ཀྱི་གཉེར་སྐྱོང་རྣམ་པ་བརྒྱུད། ཕན་འབྲས་ཐོན་མྱུར་བ་དང་ཡོང་འབབ་བརྟན་པའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་ཏེ“མུ་ཏིག་ནག་པོའི”ཨ་རག་སྙོལ་བའི་རྒུན་འབྲུམ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྦྲགས། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་ཀྲེན་པའོ་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་དང་ཉོ་ཚོང་གི་གན་རྒྱ་ཡང་བཞག

    མང་ཚོགས་དེ་བས་མང་བ་རྒུན་འབྲུམ་འདེབས་འཛུགས་ལས་རིགས་ནང་ཞུགས་ཆེད། རྨོག་ཤོད་ཤང་རྨོག་ཤོད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ཚེ་རིང་གིས་དཔེ་སྟོན་རྣམ་པར་བརྟེན་ནས་རང་ཁྱིམ་གྱི་ས་ཞིང་ལ་རྒུན་འབྲུམ་བཏབ་པ་དང་སྦྲགས་ཁ་གསབ་རོགས་དངུལ་ཁག་དང་པོ་དེ་ཡང་རག་ཡོད།

    དེ་རྗེས་རྨོག་ཤོད་ཤང་གི་ཞིང་འབྲོག་པ་ཏང་ཡོན་གཞན་དག་གིས་ཀྱང་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་ནང་སྔ་རྗེས་སུ་ཞུགས་ཤིང་། དཔེ་སྟོན་གྱི་སྐུལ་ཁྲིད་འོག མང་ཚོགས་ཀྱིས་ཀྱང་རིམ་བཞིན་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་ལ་ཞུགས་རྒྱུར་ཐོ་འགོད་བྱས། 2019ལོ་བར། ཤང་ཡོངས་ཀྱི་རྒུན་འབྲུམ་འདེབས་རྒྱ་མུའུ་1019.29ཟིན་པ་དང་འདེབས་འཛུགས་དུད་ཚང་211གི་མི་1251ཡོད་པ་རེད། 

    “ལས་ཀ་མེད་ན་ཕྱུག་པོ་ཆགས་མི་ཐུབ”ཅེས་པ་ལྟར། ཐོན་ལས་ངོ་དྲག་པ་ཞིག་མེད་ན། དབུལ་སྒྲོལ་ཕྱུག་འགྱུར་ནི་ཆུའི་ནང་གི་ཟླ་བ་དང་ཤེལ་སྒོའི་ནང་གི་མོག་མོག་ལྟ་བུ་རེད། རྒུན་འབྲུམ་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ན་གཞི་ནས་འབབ་འཕར་དབུལ་སྒྲོལ་ཡོང་ཐུབ།

    བསྡོམས་རྩིས་ལྟར་ན། 2019ལོར་རྨོག་ཤོད་ཤང་གི་རྒུན་འབྲུམ་ཐོན་འབོར་སྤྱི་རྒྱ་354034.9ཟིན་པ་དང་། ཡོང་འབབ་བསྡོམས་སྒོར་ཁྲི་178ཟིན་པ། འདེབས་འཛུགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8389.45བྱུང་ཡོད།

    རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བཏང་བ་ཕུད། རྨོག་ཤོད་ཤང་གིས་ད་དུང་སྦྲང་གསོའི་ལས་རིགས་ཀྱང་འཕེལ་རྒྱས་བཏང་ཡོད།

    རྨོག་ཤོད་ཤང་ལ་སྦྲང་གསོའི་ལོ་རྒྱུས་ཡུན་རིང་ལྡན་ལ་སྦྲང་ནོར་བུ་གསོས་ན་ཡོང་འབབ་མི་ཉུང་བ་ཐོབ་རུང་མང་ཚོགས་ཁག་གཅིག་གིས་འདུ་ཤེས་རྙིང་པ་མཁྲེགས་བཟུང་བྱས་ནས་གསོ་འདོད་བྱེད་ཀྱི་མེད།

    མང་ཚོགས་ཀྱི་འདུ་ཤེས་རྙིང་པར་འགྱུར་ལྡོག་གཏོང་ཆེད། རྨོག་ཤོད་ཤང་གི་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཤང་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཚོ་ཁག་གི་ས་བབ་མཐོ་ཙམ་ཡོད་པའི་ཡུལ་མིའི་ཚོགས་ཆུང་དུ་བསྐྱོད་དེ། མང་ཚོགས་ལ་གནས་ལུགས་རྒྱུ་མཚན་མང་པོ་དྲངས་ནས་སྦྲང་གསོའི་ལས་ལ་ཞུགས་རྒྱུའི་ཁྲིད་སྟོན་བྱས།

    ཡུལ་མི་ཚོར་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་གཏོང་ཆེད། ཤང་སྲིད་གཞུང་གིས་མ་དངུལ་བཏང་ནས་སྦྲང་སྒམ་ཉོ་སྒྲུབ་བྱས་པ་དང་། ས་གནས་དེ་གའི་སྦྲང་གསོའི་ལས་ལ་མཁས་པའི་ཚེ་རིང་སོགས་སྦྲང་གསོའི་ལག་རྩལ་སློབ་པར་གདན་དྲངས་པ། དེས་མ་ཚད་ད་དུང་གསོ་སྤེལ་གྱི་ཉེན་ཁ་ཚོད་སྐོར་བྱས་པའི་གྲངས་གཞི་དང་ཁྲོམ་རའི་མདུན་ལམ་སོགས་དྲིལ་བསྒྲགས་ཞིབ་ཕྲ་བྱས་ཡོད།

    2013ལོ་ནས་བཟུང་། རྨོག་ཤོད་ཤང་དང་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གོ་སྐོན་བློ་འགུག་དང་ལྕག་སྐུལ་ཡང་ཡང་བྱས་པར་བརྟེན་ཤང་ཡོངས་ཀྱི་སྦྲང་གསོའི་དུད་ཚང་ལོ་རེ་ལས་ལོ་རེ་མ་འདས་པར་མང་དུ་སོང་ཞིང་། རྨོག་ཤོད་ཤང་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་མཛུབ་ཁྲིད་དང་གསོ་སྦྱོང་བྱས་པ་བརྒྱུད། སྦྲང་གསོའི་དུད་ཚང་གི་སྦྲང་གསོའི་ལག་རྩལ་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་པ་དང་ཆབས་ཅིག སྦྲང་རྩིའི་ཐོན་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།

    “སྲིད་གཞུང་གིས་རོགས་སྐྱོར+དུད་ཚང་གིས་གསོ་སྤེལ+ཁེ་ལས་ཀྱིས་ཉོ་སྒྲུབ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པའི་ཁར། རྨོག་ཤོད་ཤང་གིས་ཁྲུང་ཆིང་གྲོང་ཁྱེར་ཅེན་ཝེ་བོད་ཁྱིམ་སྦྲང་རྩི་ཚད་ཡོད་ཀུང་སི་དང་འབྲེལ་བ་ཧུར་ཐག་བྱས་ནས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། 2019ལོར་ཁྲུང་ཆིང་གྲོང་ཁྱེར་ཅེན་ཝེ་བོད་ཁྱིམ་སྦྲང་རྩི་ཚད་ཡོད་ཀུང་སི་བརྒྱུད། སྦྲང་རྩི་ཉོ་སྒྲུབ་བྱས་པ་ལས་སྦྲང་གསོའི་དུད་ཚང་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་36ལྷག་ཙམ་བྱུང་བའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་20ལ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5107.2བྱུང་ཡོད། དེའི་ནང་ད་དུང་སྦྲང་གསོ་དུད་ཚང་རང་ཉིད་ཀྱིས་བཙོངས་པའི་སྦྲང་རྩིའི་ཡོང་འབབ་ཚུད་མེད།

    མིག་སྔར་རྨོག་ཤོད་ཤང་གི་སྦྲང་རྩིའི་ཐོན་ཚད་དེས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། སྦྲང་རྩིའི་ཐོན་འབོར་མཐོ་རུ་གཏོང་ཆེད་ཁྲུང་ཆིང་གྲོང་ཁྱེར་ཅེན་ཝེ་བོད་ཁྱིམ་སྦྲང་རྩི་ཚད་ཡོད་ཀུང་སིས་ལོ་ལྟར་གསོ་སྤེལ་དུད་ཚང་ལ་ཁྲིད་སྟོན་དང་གསོ་སྦྱོང་བྱ་རྒྱུའི་ཁས་ལེན་བྱས་པ་མ་ཟད། ད་དུང་སྦྲང་གསོའི་སྒྲིག་ཆས་ཁག་གཅིག་ཀྱང་ཞལ་འདེབས་བརྒྱབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།