ཟླ་10ཚེས་17ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་འགྲེམས་ཚོགས་ལྟེ་གནས་ཕུད། རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པ་ཉི་མ་སྔ་ས་ནས་དབུལ་སྐྱོར་ཉིན་མོའི་དྲིལ་བསྒྲགས་ཀྱི“ཁྲོམ་གཞུང་གཅིག”གི་བྱེད་སྒོ་སྤེལ་ཡུལ་གྱི་2020ལོའི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་ཀྱི་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་ནང་ཞུགས་པ་རེད།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགྲེམས་སྟེགས་ཐོག་སྨན་པ་ཉི་མ་སླེབས་མ་ཐག་མང་ཚོགས་ཚོས་རིགས་གཅིག་མཁས་ཅན་སྨན་པས་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་པའི་སྐོར་ཐོས་སྐབས་བང་རིང་པོ་སྒྲིག་ནས་ནད་ལྟ་རྒྱུར་སྒུག་ནས་བསྡད།
“དེ་རིང་སྔ་དྲོ་མང་ཚོགས་120ལྷག་ཙམ་ལ་ན་ཚ་བལྟས་པ་ཡིན། ང་ཚོས་སྒོར་ཁྲི་1.3རི་བའི་སྨན་རྫས་དང་དྲིལ་བསྒྲགས་དངོས་པོ་ཚང་མ་རིན་མེད་ངང་མང་ཚོགས་ཚོར་སྤྲད་པ་དང་། འོས་འགན་སྨན་བཅོས་བྱེད་པ་དང་ཆབས་ཅིག ད་དུང་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཀྱང་དྲིལ་བསྒྲགས་བྱས་པ་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཁྲུའི་ཁྲུའུ་ཀྲང་ལིའུ་ཀྲུང་གིས་བཤད།
གལ་ཏེ་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པས་སློབ་ཆེན་གྱི་སློབ་ཡོན་སྤྲོད་མི་ཐུབ་ན་ཇི་ལྟར་བྱེད་དགོས་སམ། “ལོ་ལྟར་ཟླ་6པར། ང་ཚོས《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་ངོ་སྤྲོད་མདོར་བསྡུས》དང《དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་ངོས་འཛིན་རེ་ཞུའི་རེའུ་མིག》པར་འགྲེམས་བྱས་ཏེ་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་དང་མཉམ་དུ་སློབ་མ་གསར་པ་ཚང་མར་སྦྲག་ཐོག་ནས་བསྐུར་གྱི་ཡོད”ཅེས་ཐང་དབྱང་ཅུན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སློབ་མ་གསར་པས་རྒྱལ་ཁབ་ཀྱི་རོགས་དངུལ་སྲིད་ཇུས་ཤེས་རྟོགས་བྱས་རྗེས། རེ་འདུན་རེའུ་མིག་ཇི་མ་ཇི་བཞིན་རྒྱོང་དགོས་པ་མ་ཟད། རང་ཉིད་ཀྱིས་ཁས་བླངས་པ་བརྒྱུད་སློབ་ཞུགས་མ་བྱས་གོང་དང་སློབ་ཞུགས་བྱས་རྗེས་ཀྱི་རོགས་སྐྱོར་རྣམ་གྲངས་རེ་ཞུ་བྱེད་ཆོག་ཅེས་བཤད།
འགྲེམས་ཚོགས་ལྟེ་གནས་ཀྱི་སྒོ་རྟགས་ཨང་2པའི་ལྷ་སའི་འགྲེམས་ཁང་དུ་བསྐྱོད་སྐབས་ལྟ་སྐོར་བ་ཚོས་ལག་ཐོགས་ཁ་པར་གྱིས་ཚོང་ཟོག་ཐད་འཚོང་བྱེད་པའི་འགྲེམས་སྟེགས་པར་ལེན་བཞིན་འདུག ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧའེ་ཕུང་གིས་ཐད་གཏོང་ཁང་ལ་ལྟ་མཁན་ག་ཚོད་ཡོད་མེད་ལྟ་བཞིན་མཆིས།
“ཁྱེད་ཀྱིས་གཟིགས་དང་། ཆུ་ཚོད་གཅིག་ཀྱང་མ་སོང་བར་ཐད་གཏོང་ཁང་གཅིག་ཁོ་ནར་བལྟ་མཁན་ཁྲི་5ལས་བརྒལ་འདུག”ཅེས་ལག་ཐོགས་ཁ་པར་ཁྱེར་ནས་གསར་འགོད་པར་བསྟན།
ཐད་གཏོང་དངོས་ཟོག་འཚོང་བར་ཚོང་ཟོག་ལེགས་འདེམས་ཇི་ལྟར་བྱ་དགོས་སམ། ཀྲང་ཧའེ་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་འགྲེམས་སྟོན་ནང་ཞུགས་པའི་ཐོན་ཟོག་སྣ་ཁ་364ལས་འོ་མ་དང་། ཚགས་ཤ། འབྲུ་རིགས་སྣ་ཚོགས་སོགས་ལྷ་ས་རང་གི་སྤུས་ལེགས་ཁྱད་ལྡན་དབུལ་སྐྱོར་ཐོན་ཟོག་སྣ་ཁ་15ཞིབ་ཚགས་ངང་བདམས་ཡོད།
“ཚོང་ཟོག་ཐད་འཚོང་བྱེད་པར་ངེས་པར་དུ་ཚོང་ཟོག་སྤུས་ལེགས་འཚོང་དགོས། ང་ཚོས་སྤུས་ཚད་ཀྱི་འགག་སྒོ་དམ་སྲུང་བྱས་ནས‘ཏང་ཡོན་ལས་བྱེད་པ+དྲ་ཐོག་གྲགས་ཅན’གྱི་ཐད་གཏོང་བྱེད་ཐབས་སྤྱད་དེ་དྲ་སྦྲེལ་ལ་བརྟེན་ནས་མི་དེ་བས་མང་བས་ལྷ་སའི་ཐོན་རྫས་ཤེས་རྟོགས་ཡག་པོ་བྱེད་ཞོར་དུ་ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འོས་སྦྱོར་ཡང་བྱ་རྒྱུ་ཡིན”ཞེས་ཀྲང་ཧའེ་ཧྥུང་གིས་བཤད།
འདིར་ཐོན་ཟོག་སྤུས་ཚད་ཡག་པོ་ཡོད་པ་ལྟ་སྐོར་བ་མང་པོས་མྱོང་ཚོར་ཐུབ་ཡོད། “ཕ་ཡུལ་གྱི་རྩམ་པ་ཞིམ་པོ་འདུག རས་ཁུག་གཅིག་ལ་སྒོར་ཉི་ཤུ་རྩ་ལྔ་རེད་འདུག”ཉིང་ཁྲི་གྲོང་ཁྱེར་དུ་ལས་ཀ་བྱེད་བཞིན་པའི་དཔལ་ལྡན་ལོ་བཞི་ཕ་ཡུལ་ཆབ་མདོར་ལོག་མྱོང་མེད། ཆབ་མདོའི་འགྲེམས་ཁང་ནས་ཁོང་གིས་སྨར་ཁམས་ཀྱི་མ་རྨོས་ལོ་ཏོག་གི་རྩམ་པ་རས་ཁུག་མང་པོ་ཉོས། དཔལ་ལྡན་གྱིས“ད་ཐེངས་ཀྱི་དབུལ་སྐྱོར་འགྲེམས་སྟོན་ལ་ཚོང་ཟོག་མང་པོ་འདུག་ལ་སྤུས་ཚད་ཀྱང་ཡག་པོ་འདུག”ཅེས་བཤད།
ཉིང་ཁྲིའི་འགྲེམས་ཁང་གི་འགྲེམས་སྟེགས་ཐོག་ཀུ་ཤུ་དང་། ལི། ཁམ་བུ་སོགས་ཤིང་འབྲས་གྲལ་སྟར་འགྲིག་པོས་བསྒྲིགས་ཏེ་ལྟ་སྐོར་བའི་ཡིད་དབང་བཀུག ལོ་34ལ་སླེབས་པའི་འགྲེམས་ཞུགས་ཚོང་པ་ཚེ་རིང་གཡང་འཛོམས་ཀྱིས་ཉོ་མཁན་གྱིས་བདམས་པའི་ཤིང་འབྲས་རྒྱ་མར་བཀྱགས་རྗེས་དངུལ་བླངས། “ཆུ་ཚོད་གཉིས་མ་འགོར་བར་ངས་སྒོར་1000ལྷག་ཙམ་གྱི་ཤིང་འབྲས་བཙོངས་པ་ཡིན”ཞེས་གསར་འགོད་པར་དགའ་ཚོར་ཆེན་པོའི་ངང་བཤད།
ཁོ་མོ་བཟའ་ཟླ་དང་མཉམ་དུ་ལས་གཏོད་བྱས་ནས་ལོ་17སོང་ཡོད། ཁོང་གིས“གྲོང་ཚོའི་ཞིང་དུད་30ལྷག་ཙམ་གྱིས་ང་ཚོར་ཤིང་འབྲས་མཁོ་འདོན་བྱེད་ཀྱི་ཡོད། ང་ཚོས་ཉོ་སྒྲུབ་བྱས་རྗེས་ཕྱིར་བཙོངས་ཀྱི་ཡོད། འདི་ལོ་ཁོ་ནར་ཀུང་སིའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་17ལས་བརྒལ་ཡོད”ཅེས་བཤད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་ཞུགས་པ་ལས་ཁོང་ལ་སྦྱངས་འབྲས་གཞན་ཐོབ་པ་སྟེ། ལྷ་སའི་ཚོང་པ་བཅུ་ལྷག་ཙམ་གྱིས་ཁོང་དང་ཚོང་ཤག་སྒྲིག་ནས་ཚོང་ཟོག་ཡོང་ཁུངས་བརྟན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། “ང་ཚོའི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་སོང་ཚེ་གྲོང་མི་ཚོའི་ཕྱུག་འགྱུར་ཐབས་ལམ་ཡང་རྒྱ་ཆེར་འགྲོ་ཐུབ”ཅེས་ཚེ་རིང་གཡང་འཛོམས་ཀྱིས་བཤད།
ས་གནས་ས་ཐོག་ཏུ་གཞོན་ནུ་བསྟན་འཛིན་གྱིས་ལྟ་སྐོར་བ་ཚོར་རིན་མེད་ངང་རང་ཁྱིམ་ཐོན་རྫས་ཀྱི་བྲོ་བ་མྱོང་དུ་བཅུག་གི་ཡོད་ཅིང་། 2018ལོར་སློབ་ཆེན་ཐོན་པའི་བསྟན་འཛིན་ཕ་ཡུལ་དུ་ལོག་ནས་ནང་མི་དང་མཉམ་དུ་ལས་གཏོད་བྱས། བྱ་གཞག་གསར་གཏོད་ཀྱི་ཁོར་ཡུག་སྐོར་གླེང་སྐབས་བསྟན་འཛིན་ལ་མྱོང་ཚོར་མང་པོ་བྱུང་བ་སྟེ། ང་ཚོས་མཉམ་ལས་ཁང་ཞིག་བཙུགས་པ་ཡིན། ད་ཐེངས་རྩམ་པ་དང་ཚགས་ཤ་སྐམ་པོ་སོགས་ཀྱི་ཐོན་ཟོག་ཁྱེར་ནས་ལྷ་སར་འགྲེམས་སྟོན་ནང་ཞུགས་པ་ཡིན། ང་ཚོས་དངུལ་ཕིང་གཅིག་ཀྱང་སྤྲོད་མི་དགོས་པར་འགྲེམས་སྟོན་ལ་ཞུགས་པས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་ཕྱིན་པའི་ཁར་སྲིད་གཞུང་གིས་མཁོ་འདོན་བྱས་པའི་ལས་གཏོད་སྲིད་ཇུས་མང་པོ་ཡོད་པས་ང་ཚོའི་འབྱུང་འགྱུར་གྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།