དབུ་ཤོག>ཆེད་སྒྲིག
  • དྲོ་སྐྱིད་ལྡན་པའི“ཁྱིམ་ཚང” བྱམས་བརྩེས་ཕྱུག་པའི“ནང་མི”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-18

    776463_yis_1602648705053_s.jpg

    འདི་ནི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་རྒན་རྒོན་ལ་ཁྲག་ཤེད་ལྟ་བཞིན་པ། 

    ཁྱེད་རྒས་ཚེ། ཚེ་མཇུག་ཇི་ལྟར་སྐྱེལ་རྒྱུ་ཡིན་ཞེ་ན།

    སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་བྱམས་དང་བརྩེ་བས་སྐྱོང་རྒྱུ་ཡིན་ཞེས་ལན་འདེབས་ངེས་རེད།

    ཉིན་ཤས་གོང་། གསར་འགོད་པ་དང་བཅས་པ་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས་རྒན་རྒོན་187ལྟེ་གནས་ཀྱི་ལས་དོན་མི་སྣའི་ལྟ་རྟོགས་ཞིབ་ཚགས་འོག་ཚེ་མཇུག་བདེ་ལ་རོལ་བཞིན་པ་ཤེས་བྱུང་།

    ལྟེ་གནས་སུ་སླེབས་མ་ཐག་ཤེལ་ཁང་ཆེ་མོ་ཞིག་ཡོད་པ་མཐོང་། ངོ་སྤྲོད་བྱས་པར་གཞིགས་ན། སྨི་ངོས་གྲུ་4952ཡོད་པའི་ཤེལ་ཁང་དེར་མ་དངུལ་སྒོར་ཁྲི་770བཏང་བས། རླུང་འཚུབ་ལྡང་བ་དང་ཆར་ཆུ་འབབ་པའམ་ཡང་ན་ཚ་བ་དང་གྲང་ངར་ཆེ་བའི་གནམ་གཤིས་གང་བསྟན་རུང་རྒན་རྒོན་ཚོ་དྲོད་ཁང་དུ་སོས་དལ་ངང་སྡོད་ཆོག

    ཤེལ་ཁང་དུ་ལྟ་སྐོར་བྱེད་སྐབས་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་སྐལ་བཟང་བདེ་ཆེན་གྱིས་གསར་འགོད་པ་ཟ་ཁང་དུ་ཁྲིད་བྱུང་། ཟ་ཁང་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། ལས་མི་ཚོས་རྒན་རྒོན་ཚོར་ཞོར་ཟས་སྟེར་བཞིན་འདུག

    སྐལ་བཟང་བདེ་ཆེན་གྱིས“བཟའ་བཅའི་ཐད་ལྟེ་གནས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱས་ནས་འཚོ་བཅུད་ལྡན་པའི་ཟས་བཟོ་ཡི་ཡོད། གཟའ་འཁོར་རེར་ཚལ་འདྲ་མིན་སྣ་ཚོགས་བཟོ་བ་མ་ཟད། དཀར་ཟས་དང་དམར་ཟས་གཉིས་ཀ་ཡོད། ད་དུང་ཕྱི་དྲོར་ཞོར་ཟས་ཡོད་པས་རྒན་རྒོན་ཚོར་ཉིན་གཅིག་ལ་ལྟོ་ཐེངས་བཞི་ཟ་རྒྱུ་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

    བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ལ་བསྡོམས་མ་དངུལ་སྒོར་ཁྲི་5880.71བཏང་ནས་2015ལོའི་ལོ་མཇུག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    རྒན་རྒོན་ཚོའི་དགོས་མཁོར་གཞིར་བཟུང་། ལྟེ་གནས་སུ་སྨན་བཅོས་ལུས་གསོ་ཁང་དང་། དམིགས་བསལ་ལྟ་སྐྱོང་ཁང་། སོས་དལ་རོལ་རྩེད་ཁང་། སྐྲ་ཁང་སོགས་བཙུགས་ཡོད།

    རྒན་རྒོན་ཚོས་རྨང་གཞིའི་སྒྲིག་བཀོད་ལ་བློ་མགུ་པོ་བྱེད་པ་མ་ཟད། ད་དུང་ལྟེ་གནས་ཀྱི་ཞབས་ཞུར་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    སྐལ་བཟང་བདེ་ཆེན་གྱིས“བདག་སྐྱོང་བྱེད་པའི་ཐད་གཅིག་གཏད་གཅིག་དང་གཅིག་གཏད་བཅུའི་བདག་སྐྱོང་བྱ་ཐབས་གཉིས་སྤྱོད་ཀྱི་ཡོད། རང་མགོ་མི་ཐོན་པའི་རྒན་རྒོན་29ལ་ལྟེ་གནས་ཀྱིས་གཅིག་གཏད་གཅིག་གི་ལྟ་རྟོག་བྱེད་བཞིན་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།

    རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་སྐྱིད་པོ་ཡོང་ཆེད། ལྟེ་གནས་ཀྱིས་ཉིན་ལྟར་རྒན་རྒོན་ལ་ཁྲག་ཤེད་ཐེངས་གཉིས་ལྟ་བ་དང་། ཆེད་མངགས་སྨན་དོན་མི་སྣ་ནང་སར་གསེར་ཁབ་དང་འཕུར་མཉེད་སོགས་སློབ་སྦྱོང་བྱེད་པར་བཏང་སྟེ་རྒན་རྒོན་ཚོར་ཞབས་འདེགས་ཞུ་བ་དང་། ལྟེ་གནས་ཀྱིས་ལོ་ལྟར་རྒན་རྒོན་ཚོ་ཆུ་ཚན་ཟླ་ཕྱེད་ཙམ་རྒྱག་ཏུ་ཁྲིད་ཀྱི་ཡོད་པ་དང་ད་དུང་དགུན་ཁ་དང་དཔྱིད་ཀ་ཤར་མ་ཐག་རྒན་རྒོན་ཚོར་སྨན་ལུམས་བཀོད་སྒྲིག་བྱེད་ཀྱི་ཡོད། གཞན་ཡང་། ལྟེ་གནས་ཀྱིས་སྟེང་ཆེན་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱས་ནས་གཟའ་འཁོར་རེར་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་རེ་ལྟེ་གནས་སུ་གདན་དྲངས་ཏེ་འོས་འགན་སྨན་བཅོས་བྱེད་ཀྱི་ཡོད། 2019ལོར་མི་ཐེངས་2302ལ་རིན་མེད་འོས་འགན་སྨན་བཅོས་ཐེངས་52བྱས།

    ཆབ་མདོ་དང་། ལྷ་ས། ཁྲེང་ཏུའུ་སོགས་སུ་སྨན་བཅོས་བྱེད་མཁན་རྒན་རྒོན་རེར་ལྟེ་གནས་ཀྱིས་ནད་གཡོག་གཉིས་མངགས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་རྟོག་བྱེད་ཀྱི་ཡོད། 2018ལོར་སྨན་ཁང་དུ་སྡོད་མཁན་ལྟེ་གནས་ཀྱི་རྒན་རྒོན་མི་ཐེངས་103ཟིན་པ་དང་2019ལོར་མི་ཐེངས་143ཟིན་ཡོད།

    ལྟེ་གནས་ཀྱི་རྒན་རྒོན་187བློ་བདེ་པོའི་ངང་སྡོད་རྒྱུ་བྱུང་བ་དང་ཟ་མ་འབེལ་འབེལ་ལྷུག་ལྷུག་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ་རེད།

    འདི་ལོ་ལོ་68ལ་སླེབས་པའི་རྒན་རྒོན་བདེ་ཆེན་ལ་སྒལ་ཚིགས་གཅོང་ནད་ཕོག་ནས་ལོ་20ལྷག་ཙམ་སོང་ཡོད། ལྟེ་གནས་ཀྱི་བདག་སྐྱོང་ལས་དོན་པས་རྒན་རྒོན་བདེ་ཆེན་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་སྐབས་ཁོང་གིས་དེ་ཙམ་འགྲོ་འདོད་བྱེད་ཀྱི་མེད། བསམ་བློའི་སློབ་གསོ་ཡང་སེ་བརྒྱབ་རྗེས་གཞི་ནས་བརྟག་དཔྱད་བྱེད་པར་སོང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་རྒན་རྒོན་ལ་རུས་པའི་འབྲས་གཅོང་ཕོག་པ་ཤེས་པ་མ་ཟད། ད་དུང་སྨན་བཅོས་མ་བྱས་ཚེ་ལོ་ཕྱེད་སོང་རྗེས་རྐང་ལག་འཁུམས་ཉེན་ཆེན་པོ་ཡོད་པ་རེད།

    གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ལྟེ་གནས་ཀྱིས་འཕྲལ་མར་རྒན་རྒོན་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་འཁྲིད་རྒྱུའི་ཐག་བཅད། འདི་ལོའི་ཟླ་4ཚེས་10ཉིན། བདེ་ཆེན་བདེ་བླག་ངང་ཧྭ་ཤིས་སྨན་ཁང་དུ་བསྡད་ཐུབ་ཡོད། སྨན་ཁང་དུ་སྡོད་རིང་གཤགས་བཅོས་ཐེངས་གཉིས་བྱས་པ་དང་། ཟླ་6ཚེས་24ཉིན་རྒན་རྒོན་བདེ་ཆེན་སྨན་ཁང་ནས་དོན་ཏེ་ལྟེ་གནས་སུ་ལོག་པ་དང་ད་ཆ་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་རེད།

    2018ལོར་ཁྲི་རྡོ་གྲོང་རྡལ་ནས་སྤོས་ཡོང་བའི་རྒན་རྒོན་དཔལ་འཛོམས་ལའང་ལྟ་རྟོག་ཡག་པོ་བྱས་ཡོད།

    དཔལ་འཛོམས་ནི་ཁྲི་རྡོ་གྲོང་རྡལ་དུ་བསྡད་པའི་མི་ཧྲེང་རྒན་རྒོན་ཡིན། ནད་ཕོག་རྗེས་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པས་ལུས་པོ་འགུལ་སྐྱོད་བྱེད་ཐུབ་ཀྱི་མེད། ལྟེ་གནས་སུ་སླེབས་ནས་ལོ་གཅིག་ལྷག་ཙམ་རིང་ལས་མི་ཚོས་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད་རྒན་རྒོན་གྱི་གཟུགས་པོ་ཇེ་ཐང་དུ་སོང་བ་དང་ཆབས་ཅིག སེམས་ཁམས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    དཔལ་འཛོམས་ཀྱིས་དགའ་ཚོར་ཆེན་པོའི་ངང“འདི་གར་ང་ཚོའི་ལྟོ་གོས་ལ་སེམས་ཁྲལ་མི་འདུག འཚོ་བ་ཧ་ཅང་སྐྱིད་པོ་འདུག འདི་དག་ཚང་མ་ཏང་གིས་ང་ཚོར་གནང་བ་ཤེས་ཀྱི་ཡོད། ཏང་གི་བཀའ་དྲིན་ང་ཚོས་བརྗེད་མི་སྲིད”ཅེས་བརྗོད་ཀྱི་འདུག

    ལྟེ་གནས་ཀྱི་ལས་མིའི་བྱམས་དང་བརྩེ་བས་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བྱུང་ཡོད།

    ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་ཚུན་དམིགས་བསལ་དཀའ་ངལ་ཡོད་པར་བསྙེན་བཀུར་གྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བར་འགན་ལེན་གང་ལེགས་ཐུབ་ཡོད། ལྷག་པར་དུ་2013ལོ་ཚུན་གྲོང་ཁྱེར་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.43བཏང་ནས་རྫོང(ཆུས)11གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.2ཟིན་པ་དང་ཉལ་ཁྲི་3441ཡོད། 2019ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱིས་མི་2772ལ་གཅིག་སྡུད་བསྙེན་བཀུར་བྱས་པ་དང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་ཡོང་འདོད་བྱེད་མཁན་100%ཟིན་པ་མ་ཟད། ཟས་གོས་འགྲོ་སྡོད་དང་། སྨན་བཅོས་སོགས་ཀྱི་ཞབས་ཞུ་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།