མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལ་པིའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང(ལ་ཅ་དཔལ་འབྱོར་ཨུ་ལྷན)གི་ལག་བསྟར་དྲུང་ཡིག་པར་སའེ་ན་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བརྙན་ལམ་བཅར་འདྲི་དང་ལེན་ཞུ་སྐབས། འདས་ཟིན་པའི་ལོ་70ཡི་རིང་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རང་ངོས་ཀྱི་དབུལ་པོ་སེལ་བར་གཞོལ་ནས་ལྷོ་ལྷོ་མཉམ་ལས་ཧུར་ཐག་སྤེལ་ཞིང་། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱིས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་འཛམ་གླིང་དངུལ་ཁང་གི་མི་རེར་ཉིན་རེར་ཨ་སྒོར་1.9ཡི་དབུལ་པོའི་ཚད་གཞི་ལྟར་ན་ཀྲུང་གོའི་ཧ་ཅང་དབུལ་བའི་མི་འབོར་གྱི་བསྡུར་ཚད་2016ལོ་ལས་0.5%བར་ཆག་ཡོད། མ་གཞི་འཚོ་བ་དབུལ་པོ་ཡིན་པའི་ཀྲུང་གོ་བ་མང་པོ་ཞིག་ལ་སྤྱི་ཚོགས་འགན་ལེན་དེ་བས་ཡག་པ་དང་འཚོ་བའི་སྤུས་ཚད་དེ་བས་ལེགས་པ་ཡོད་པ་དེ་ནི“ཡར་ཐོན་ཧ་ཅང་ཆེན་པོ་ཞིག་རེད”ཅེས་བརྗོད་པ་རེད།
པར་སའེ་ན་ཡིས་འདས་ཟིན་པའི་ལོ་70ཡི་རིང་ཀྲུང་གོའི་མི་འབོར་དབུལ་པོ་དུང་ཕྱུར་8.5ཉུང་དུ་ཕྱིན་པ་དང་། ད་ཕན་ལོ་ཤས་རིང་ཀྲུང་གོར་ལོ་ལྟར་མི་ཁྲི་1000ལྷག་ཙམ་དབུལ་པོ་ལས་གྲོལ་ནས་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་ཅེས་བརྗོད།
ཁོང་གིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ནི་ཐོན་སྐྱེད་ནུས་ཤུགས་མཐོ་རུ་ཕྱིན་པ་དཔལ་འབྱོར་འཕར་བར་རག་ལུས་པ་དང་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་ཡར་ཐོན་མྱུར་པོ་བྱུང་སྟེ་ལས་གནས་མང་པོ་བཏོད་ཐོག་ངལ་རྩོལ་བ་མང་པོའི་ལས་ཀའི་ཆ་རྐྱེན་ལེགས་སུ་བཏང་བ་དང་དུས་མཚུངས། ཀྲུང་གོས་ཚན་རྩལ་གསར་གཏོད་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད་པའི་ངོས་འཛིན་བྱས་པ་རེད།
པར་སའེ་ན་ཡིས་ཀྲུང་གོའི་འགོ་ཁྲིད་པས་དབུལ་སྒྲོལ་འགག་སྒྲོལ་ལ་ཐད་ཀར་དམ་བཅའ་བཞག་པ་དང་ཀྲུང་གོ་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་འབད་བརྩོན་ཆེན་པོ་བྱས་ཡོད། རྒྱུ་རྐྱེན་འདི་དག་ནི་ཀྲུང་གོའི་དབུལ་སྒྲོལ་བྱ་གཞག་ལ་རྒྱལ་ཁ་ཐོབ་པར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་སྟབས“ཁས་ལེན་གང་ལེགས་བྱེད་རིན་ཡོད”ཅེས་ནན་བཤད་བྱས་པ་རེད།
ཁོང་གིས་ད་དུང་དབུལ་པོ་ཉུང་གཏོང་ཐད་ཀྲུང་གོས“གནམ་འོག་ཡོངས་ལ་རོགས་སྐྱོར་བྱེད་པའི”འདུ་ཤེས་ལག་བསྟར་བྱས་ཤིང་། ཀྲུང་གོས་ཉུང་མཐར་ཡང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་166ལ་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་དབུལ་པོ་ཉུང་གཏོང་ལ་རོགས་རམ་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི“ཆེས་དབུལ་བའི་རྒྱལ་ཁབ་ཀྱིས་བུ་ལོན་གནས་སྐབས་འགོར་འགྱངས་བྱེད་རྒྱུའི་གྲོས་འགོར”རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཆེས་དབུལ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པའང་དོ་སྣང་བྱུང་ཡོད།
པར་སའེ་ན་ཡིས་སྔོན་དཔག་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས། ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་4500བར་འཕར་ནས་སེམས་ཁྲལ་སྐྱེ་དགོས་པ་ཞིག་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དབུལ་པོ་ཉུང་གཏོང་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཏན་ཏིག་འཁུར་དགོས་ཞེས་བརྗོད་པ་རེད།
པར་སའེ་ན་ཡིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་དབར་ཧེ་བག་ཕྲན་བུ་ཡོད་མོད། འོན་ཀྱང་ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་ཤེས་རྟོགས་དང་སློབ་སྦྱོང་བྱེད་འདོད་ཆེན་པོ་ཡོད། ཀྲུང་གོས་ད་ཕན་ལོ་ཤས་རིང་གནད་སྨིན་དབུལ་སྐྱོར་བྱས་ཏེ་དམིགས་བསལ་གྱི་མི་འབོར་དབུལ་པོར་དམིགས་ནས་དབུལ་པོ་ཆགས་རྐྱེན་འཚོལ་བར་སྣང་ཆེན་བྱས་ཐོག་གནད་སྨིན་རོགས་སྐྱོར་རྒྱ་ཁྱབ་བྱས་པས་བྱེད་ཐབས་དེ་རིགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ལ་བློ་སྒོ་ཧ་ཅང་ཆེན་པོ་ཕྱེ་ཡོད་ཅེས་བརྗོད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་ཧྲེང་ཏི་ཡ་ཀོ་ནས་འབྱོར་བའི་གློག་འཕྲིན)