དབུ་ཤོག>ཆེད་སྒྲིག
  • སྣོན་ཐུག་ཟ་ཁང་གཉེར་སྐྱོང་བྱས། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-13

    ང་ནི་སྒྲོལ་མ་ལྷ་མོ་ཡིན། 1984ལོའི་ཟླ་7པར་སྐྱེས་པ་དང་ཆབ་མདོ་སྨར་ཁམས་རྫོང་འཇང་ཤང་ནས་ཡིན། ད་ཆ་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི“བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ”དང“སྒོ་ར་ཚང”བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་ཡིན།

    དམའ་རིམ་སློབ་འབྲིང་ལོ་རིམ་གཉིས་པ་འགྲིམ་པའི་ལོ་དེར། ནམ་རྒྱུན་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པའི་ཨ་ཕ་ནད་ཀྱིས་མནར་ནས་ཉིན་རེ་ལས་མ་འདས་པར་ཤ་རིད་དུ་སོང་། མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་སྣོན་ཐུག་ཟ་ཁང་བཙུགས་བཞིན་པའི་ཨ་མར་ཡང་རྒྱུ་ལྷག་གི་གཉན་ཚད་ཕོག ངའི་གཅེན་མོ་གཉིས་སློབ་ཆེན་དང་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། མ་གཞི་ནས་འབྱོར་འཁོས་ཞན་པའི་ངའི་ཁྱིམ་ཚང་ལ་ཕ་མར་ནད་གཞི་ཕོག་པའི་དབང་གིས་སྔར་བས་ཀྱང་དཀའ་ངལ་གྱི་གནས་སུ་གྱར། ཉིན་ཞིག་ཕ་མ་གཉིས་ཀྱིས་འཕངས་སེམས་དང་བཅས་ང་ལ“སྒྲོལ་མ། སློབ་གྲྭར་འགྲོ་མཚམས་བཞག་རོགས”ཞེས་བཤད་བྱུང་།

    དུས་དེ་ནས་བཟུང་། ངས་ཕ་མར་འཚོ་བའི་ཁུར་པོ་འཁུར་རོགས་བྱས་པ་ཡིན།

    སྐབས་དེ་དུས་འཇང་མི་རིགས་ཤང་དུ་སྣོན་ཐུག་ཟ་ཁང་མང་པོ་ཡོད། འོན་ཀྱང་ཟ་ཁང་ཕལ་ཆེ་བས“འགྲུལ་པ་ཡོད་ན་ཐུག་པ་བཟོ་བ་དང་འགྲུལ་པ་མེད་ན་སོ་ནམ་བྱེད་ཀྱི་ཡོད”པ་ལས། ཟ་ཁང་གཉེར་བ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩི་གི་མེད་པར་བརྟེན། ང་སྣོན་ཐུག་བཟོ་བའི་ལས་ལ་གཞོལ་འདོད་བྱུང་།

    དེ་ནས་ཕ་མའི་མོས་མཐུན་ཐོབ་རྗེས་ངས་བློ་རྩེ་གཅིག་སྒྲིམ་ངང་གྲོ་ཞིབ་བརྫི་སྟངས་དང་ཐང་སྐོལ་སྟངས་སོགས་ཡང་ཡང་སྦྱངས་མཐར་སྣོན་ཐུག་བཟོ་བའི་ཐབས་ལམ་ཁོང་དུ་ཆུད་ཅིང་། ངའི་ཟ་ཁང་གཞན་དང་མི་འདྲ་བ་ཞིག་ལ་ངས་ཟ་ཁང་ཡག་པོ་གཉེར་རྒྱུ་གཙོ་བོ་བྱས་ནས་ཟ་ཁང་གི་གཙང་སྦྲ་དང་ཁོར་ཡུག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་ཡོང་མཁན་ཚང་མས་དགའ་པོ་བྱེད་ཀྱི་འདུག ངའི་བསམ་པར། ལས་ཀ་གང་ཞིག་བསྒྲུབས་ཀྱང་གལ་ཆེ་ཤོས་ནི་བརྩོན་འགྲུས་དང་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད་འདུག

    “རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན”རིམ་གྱིས་ངའི་ཟ་ཁང་སྐད་གྲགས་ཆེ་རུ་ཕྱིན་པ་དང་ཡོང་འབབ་ཀྱང་དེ་སྔའི་ལོ་གཅིག་ལ་སྒོར་ཁྲི་ལོན་ཙམ་ནས་སྒོར་ཁྲི་ལྔ་དྲུག་ཙམ་དུ་འཕར་ཞིང་། དེ་ལྟར་ངས་བརྩོན་འགྲུས་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་སྨན་བཅོས་ཀྱི་འགྲོ་སོང་བཏང་བས་ཕ་མའི་ན་ཚ་སངས་དྲག་ཏུ་སོང་བ་དང་གཅེན་མོ་གཉིས་ལའང་རྒྱབ་སྐྱོར་བྱས་པས་སློབ་ཆེན་ནས་སློབ་མཐར་ཕྱིན་སོང་།

    སྣོན་ཐུག་ཕོར་པ་གང་ལ་དཀའ་སྡུག་དང་། སྤྲོ་སྐྱིད། རྔུལ་ཆུ། རྒྱུན་འཛིན་བཅས་འདུས་ཁར་ད་དུང་སྔར་བས་ཕུན་སུམ་ཚོགས་པའི་འཚོ་བའང་ཡོད། དེ་ནས་ངས་ཟ་ཁང་རྒྱ་ཆེ་རུ་བཏང་སྟེ་ཁ་གསོ་ཐབས་ཙམ་དུ་མ་བརྩིས་པར་བྱ་གཞག་ཅིག་ལ་བརྩིས་ནས་གཉེར་བ་ཡིན།

    2009ལོར་ཚྭ་ཁ་ལྷོའི་སྣོན་ཐུག་ལ་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་ཁས་ལེན་དཔང་འདོན་ཐོབ་ཡོད། སྤུས་རྟགས་དེ་ལས་ཚྭ་ཁ་ལྷོའི་མང་ཚོགས་ལ་དངོས་ཕན་སྔར་བས་མང་ལ་ལེགས་པ་བྱུང་བས་ང་ཡང་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་སུ་གྱུར།

    2010ལོར་བོད་སྐྱོར་ལས་བྱེད་པའི་རོགས་སྐྱོར་འོག་ངའི་ཁྱིམ་ལ་བདེ་སྡོད་ལས་གྲྭའི་ཁ་གསབ་དངུལ་སྒོར་ཁྲི་2.5ཐོབ་པའི་ཁར་གསོག་དངུལ་བརྒྱབ་སྟེ་ངས་བོད་བཟོའི་ཐོག་ཁང་སྨི་ངོས་གྲུ་300ལྷག་ཙམ་ཟིན་པ་བརྒྱབ་ནས་དེར་སྒོ་ར་ཚང”བོད་ཁྱིམ་སྤྲོ་སྐྱིད་ཁང་ཞེས་མིང་བཏགས་པ་ཡིན། དེ་རྗེས་སྨར་ཁམས་རྫོང་སྲིད་གཞུང་གིས་འཇང་ཤང་གི་བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་མཁན་སྒྲིག་འཛུགས་བྱས་ཏེ་ཡུན་ནན་གྱི་ས་ཐམ་དང་། ཏ་ལི། སེམས་ཀྱི་ཉི་ཟླ་སོགས་ལ་རྟོག་ཞིབ་ལ་ཁྲིད་ནས་ཆེད་ལས་ཀྱི་གསོ་སྦྱོང་བྱས་ཏེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དོ་དམ་གྱི་ཉམས་མྱོང་བསླབས་བྱུང་། སློབ་སྦྱོང་གི་འགྲུལ་བཞུད་དེ་ལས་ངའི་མིག་རྒྱང་ཆེ་རུ་སོང་ནས“ཁྱད་ལྡན”ཞེས་པའི་ཚིག་དེ་ངའི་ཡིད་ལ་ཡོངས་སུ་འཇགས།

    ད་ཆ་ང་ཚོའི་ཁྱིམ་གྱིས་ཉིན་ལྟར་ཡུལ་སྐོར་བ་མི་30ནས་40ཙམ་ལ་སྣེ་ལེན་ཞུ་གི་ཡོད་པ་དང་། ཡུལ་སྐོར་བ་མང་དུས་སུ་ཉིན་ལྟར་ཁ་ལག་ཟ་བར་ཡོང་མཁན་ཉུང་མཐར་ཡང་མི་50ཙམ་ཡོད་པ་དང་། ཉིན་རེའི་ཡོང་འབབ་ཉུང་མཐར་ཡང་སྒོར་700ཡོད། 2017ལོར་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་50ཟིན་ཡོད། 2017ལོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ངས་དངུལ་བུན་སྒོར་ཁྲི་300གཡར་བ་དང་སྒོར་ཁྲི་160གྲབས་གསོག་བྱས་ཏེ་བོད་ཁྱིམ་སྤྲོ་སྐྱིད་ཁང་བསྐྱར་སྐྲུན་བྱས་ནས་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ཁྱད་ལྡན་ཟ་ཁང་ཞིག་གཉེར་རྒྱུའི་འཆར་གཞི་བཀོད་པ་ཡིན།

    ང་རང་ཕྱུག་པོ་ཆགས་རྗེས“གྲོང་པ་ཁྱིམ་མཚེས་ཀུན་ལ་རྒྱབ་སྐྱོར་བྱས་ཏེ་ཚང་མས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ”དེ་ངའི་དམིགས་ཚད་ཀྱི་གྲས་སུ་གྱུར་ཡོད།

    སྣོན་ཐུག་ཟ་ཁང་རྒྱ་སྟོབས་ཆེ་རུ་སོང་བ་དང་བསྟུན་ནས་ངས་ཉེ་འཁོར་གྱི་དུད་ཚང་དབུལ་པོ་ནས་ལས་མི་གླས་ཏེ་ཟ་ཁང་དུ་ལས་ཀ་བྱེད་དུ་བཅུག་པ་ཡིན། ཚེ་རིང་གཡང་འཛོམས་ནི་ངའི་ཟ་ཁང་ནས་གྲུབ་འབྲས་ཐོབ་པའི་ངང་ཕྱིར་ཐོན་པའི་ལས་མིའི་གྲས་ཤིག་རེད། ཁོང་གིས་ངའི་ཟ་ཁང་དུ་ལས་ཀ་ལོ་5བྱེད་རིང་ངས་སྣོན་ཐུག་བཟོ་སྟངས་ཁོང་ལ་བསླབས་ཤིང་། ཁོང་རང་ཉིད་ཀྱིས་ཟ་ཁང་གཉེར་བའི་སེམས་ཐག་བཅད་པའི་སྐབས་ངས་མ་དངུལ་གྱི་ཐད་ནས་རྒྱབ་སྐྱོར་བྱས་པ་མ་ཟད་ད་དུང་ཁོང་ལ“ཟ་ཁང་ཡག་པོ་ཞིག་གཉེར་འདོད་ན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས”ཞེས་བཤད་པ་ཡིན། ད་ཆ་ཚེ་རིང་གཡང་འཛོམས་ཀྱིས་རྒྱལ་ལམ་གྱི་འགྲམ་དུ་སྣོན་ཐུག་ཟ་ཁང་ཆུང་ངུ་ཞིག་གཉེར་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ལྷག་ཙམ་རག་གི་ཡོད།

    ད་ཆ་ངས་རོགས་སྐྱོར་བྱེད་པའི་དུད་ཚང་དབུལ་པོ་10ཡིས་སྲིད་གཞུང་གི་གནད་སྨིན་རོགས་སྐྱོར་དང་ཁོང་ཚོའི་འབད་བརྩོན་ལ་བརྟེན་ནས་འཚོ་བ་སྔར་བས་ཡག་པོ་སྐྱེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།