དབུ་ཤོག>ཆེད་སྒྲིག
  • འབྲི་གཡག་གསོ་ཚགས་བྱས་ནས“དབུལ་ཞྭ”ཕུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-10-07

    སྙན་ཤག་གཞུང་ལམ་རྒྱུད་དུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་14ཡོད་པའི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་དགའ་མཆོག་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པ་དང་རྩྭ་རྭ་མུའུ་ཁྲི་4.2ཡོད། ད་ཕན་ལོ་ཤས་རིང་མཉམ་ལས་ཁང་གིས་དོ་དམ་གཉེར་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། མཉམ་ལས་ཁང་གི་ས་ཞིང་དང་། རྩྭ་ར། ཕྱུགས་རིགས་ཐོན་ཁུངས་བཅས་ཚན་རིག་དང་མཐུན་པའི་ངང་ལུགས་མཐུན་བེད་སྤྱོད་བྱེད་པ་དང་། མ་རྩ་རྒྱུན་ཆད་མེད་པར་མང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། ཞབས་ཞུའི་ནུས་པ་ལོ་རེ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཡུལ་དེའི་འབྲོག་པ་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱས་ཡོད།

    ད་ཆ་སྙན་རོང་རྫོང་གི་དབུལ་སྒྲོལ་རྟེན་གཞི་གལ་ཆེན་དང་ཚན་རྩལ་ཚོད་ལྟའི་རྟེན་གཞི་གལ་ཆེན་ཞིག་དང་། སྙན་རོང་རྫོང་གིས་སྲོལ་རྒྱུན་གྱི་འབྲོག་ལས་དེང་རབས་ཅན་གྱི་འབྲོག་ལས་སུ་བསྒྱུར་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པའི་ཚོད་ལྟའི་གནས་ཤིག་ཀྱང་ཡིན་པའི་དགའ་མཆོག་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ། མངོན་གསལ་དོད་པའི་དཔལ་འབྱོར་གྱི་ཕན་འབྲས་དང་། དབུལ་སྐྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཐོན་ཡོད།

    ད་ཕན་ལོ་ཤས་རིང་། སྙན་རོང་རྫོང་གིས་རྒྱལ་ཁབ་ཀྱིས་འབྲོག་ལས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་ཕན་ཡོད་གོ་སྐབས་དམ་འཛིན་དང་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཚན་རྩལ་གྱི་ཁ་གཏད་རོགས་སྐྱོར་གྱི་རྩ་ཆེའི་གོ་སྐབས་གང་ལེགས་སྤྱད་ནས། དགའ་མཆོག་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་དུ་རྒྱུད་པ་ལེགས་བཅོས་དང་། ཚན་རིག་དང་མཐུན་པའི་ངང་གཟན་ཆག་གསབ་པ། འགོ་ནད་འགོག་བཅོས་སོགས་དེང་རབས་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས་ཡོད། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཚོར་ཚན་རིག་དང་མཐུན་པའི་འབྲོག་ལས་གསོ་ཚགས་ཀྱི་ཤེས་བྱ་འགེལ་བཤད་བརྒྱབ་པ་དང་། དེང་རབས་འབྲོག་ལས་ཀྱི་ལག་རྩལ་བསླབས་པ། ས་གནས་ས་ཐོག་ཏུ་འབྲོག་ལས་ཐོན་སྐྱེད་ལ་མཛུབ་ཁྲིད་བཅས་བྱས་པས། འབྲོག་པ་མང་ཚོགས་ཀྱིས་ཚན་རྩལ་སྦྱོང་བ་དང་། ཚན་རྩལ་སྤྱོད་པ། ཚན་རྩལ་ལ་བརྟེན་པ་བཅས་བྱས་ནས་འབྲོག་ལས་འཕེལ་རྒྱས་གཏོང་བའི་འབྲོག་པ་མང་ཚོགས་ཀྱི་ནུས་པ་དང་ཆུ་ཚད་སྔར་བས་ཆེ་རུ་བཏང་བས་ས་གནས་དེ་གའི་འབྲོག་ལས་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    སྙན་རོང་རྫོང་གིས་ལག་བསྟར་བྱས་པའི་དགུན་དུས་འབྲི་གཡག་གི་དྲོད་སྲུང་དང་། གཟན་ཆག་ཁ་གསབ། དུས་ཐུང་རྒྱགས་གསོ། བཤས་གཏོང་བ་བཅས་ཀྱི་འབྲི་གཡག་གི་ཚན་རྩལ་འདུ་འགོད་ཀྱིས། བྱང་རྩྭ་ཐང་གི་འབྲོག་ལས་བཞོན་མ་དང་བཤས་ཕྱུགས་ཆེད་ལས་གསོ་ཚགས་དང་ཐོན་འབོར་མང་དུ་གཏོང་བའི་ལམ་བུར་བསྐྱོད་ཡོད། 2016ལོ་ནས་2019ལོ་བར། དགའ་མཆོག་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་གི་འབྲོག་ལས་ཐོན་རྫས་བྲིན་འཚོང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་89ལྷག་ཙམ་ཟིན་ཞིང་། རྟ་རྒྱུག་དང་འཚོང་འདུས་གཉེར་བ་དང་ས་ཁུལ་གྱི་རྟ་རྒྱུག་དུས་ཆེན་དང་འབྲོག་ལས་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་ནང་ཞུགས་པ་བརྒྱུད། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་185བྱུང་ནས། དབུལ་ཞྭ་ཕུད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད་པ་རེད།

    དགའ་མཆོག་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་གི་དཀར་ཆུའི་ཐོན་རྫས་ལས་སྣོན་ཁང་དུ་སྐྱོད་སྐབས། ལས་མི་ཚོས་ཁྱད་ལྡན་འབྲོག་ལས་ཐོན་རྫས་ལས་སྣོན་ལ་བྲེལ་བཞིན་མཆིས། “ང་ཚོའི་མཉམ་ལས་ཁང་གིས‘མགོ་གྲངས་སྟོང་དང་མུའུ་ཁྲིའི’འདུ་འགོད་གོ་སྐབས་སུ་བྱེད་པ་དང་དཀར་ཆུའི་ཐོན་རྫས་ལས་སྣོན་ཁང་ལ་བརྟེན་ནས། རྫོང་ཡོངས་ཀྱི་འབྲོག་དུད་ཀྱི་དཀར་ཆུའི་ཐོན་རྫས་གཅིག་གྱུར་བསྡུ་ཉོ་དང་ལས་སྣོན་ཞིབ་ཚགས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་སྤུས་ལེགས་ཀྱི་འབྲོག་ལས་ཐོན་རྫས་གཏོད་པ་དང་། ཁྱིམ་ཚང་རྣམ་པའི་སིལ་ཚོང་བྱེད་སྟངས་མེད་པ་བཟོ་བ། རྫོང་ཡོངས་ཀྱི་ཐོན་ཁུངས་བསྡུ་རུབ་བཅས་བྱས་ནས‘སྙན་རོང’རྟགས་ཅན་གྱི་སྤུས་རྟགས་འཐབ་ཇུས་ལ་སྐུལ་འདེད་བཏང་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་མ་པུས་ངོ་སྤྲོད་བྱས།

    2016ལོར་བཙུགས་པའི་སྙན་རོང་རྟགས་ཅན་གྱི་ཚོང་དོན་འགན་འཁྲི་ཚད་ཡོད་ཀུང་སིས་སྙན་རོང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས། འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། སྣོད་བཅུད་དང་། སྦགས་བཙོག་མེད་པ། ལྗང་མདོག སྐྱེ་ལྡན་བཅས་ཀྱི་སྤུས་རྟགས་བཏོད་དེ། ཐོན་རྫས་ལ་སྤུས་རྟགས་ཡོད་པ་དང་། སྤུས་ཚད་ལ་འགན་ལེན་ཐུབ་པ། འཕེལ་རྒྱས་ལ་ལེགས་ཆ་ལྡན་པ་བཅས་ཀྱི་འབྲོག་ལས་ཐོན་རྫས་ཀྱི་གཉེར་སྐྱོང་རྣམ་པ་རིམ་གྱིས་ཆགས་པ་བྱས་ཡོད། རྫོང་ཡོངས་ཀྱི་འབྲོག་ལས་ཐོན་རྫས་ཀྱི་ཐུམ་སྒྲིལ་ཐད“རིམ་སྤོར་སྒྱུར་བཀོད”བྱས་པ་བརྒྱུད། དོ་དམ་གཅིག་གྱུར་དང་། ཐུམ་སྒྲིལ་གཅིག་གྱུར། སྤུས་ཚད་གཅིག་གྱུར། སྤུས་རྟགས་གཅིག་གྱུར་བཅས་ཀྱི་ཕན་འབྲས་འདོན་སྤེལ་ནུས་ལྡན་བྱས་ཏེ། ས་ཁུལ་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་ཁྲོད་ཀྱི་སྙན་རོང་རྫོང་གི་འབྲོག་ལས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་དང་། སྐད་གྲགས་ཆོད་ཚད། ཁྲོམ་རའི་བློ་ཡིད་ཚིམ་ཚད་བཅས་ནུས་ལྡན་ངང་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག ཚོང་འགུགས་མ་འདྲེན་གྱི་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས། སྙན་རོང་སྤུས་རྟགས་ཀུང་སིས་འབྲོག་ལས་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་སྣ་ཁ་དང་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་བཏང་ནས་སྙན་རོང་ཁྲ་བོ་ལ་འབྲི་གཡག་དང་། སྙན་རྫོང་ཁྲ་བོ་ལའི་ཚགས་ཤ སྙན་རོང་ལ་ལ། སྙན་རོང་ཞོ། སྙན་རོང་ཕྱུ་ར། སྙན་རོང་མར་བཅས“སྙན”གྱི་ཡི་འབྲུ་འཁོད་པའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་དྲུག་ལ་རེ་ཞུ་བྱས་ནས་ཁས་ལེན་ཐོབ་སྟེ། ཆེད་ལས་ཅན་དང་སྤུས་རྟགས་ཅན་གྱི་ལམ་བུར་བསྐྱོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།