དབུ་ཤོག>ཆེད་སྒྲིག
  • བཀོད་གཙང་ཁོད་ཡངས་མེ་ཏོག་མཚར་དུ་དངར། སྒོ་ར་མཛེས་པོ་ཁང་ཁྱིམ་གྲུ་བཞིའི་རྒྱན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-01

    774129_yis_1601442622178_s.jpg

    འདི་ནི་སྤྲིན་པ་གྲོང་ཚོའི་གྲོང་མི་ཉང་འགོའི་ཁྱིམ་གྱི་སྒོ་ར་ཡིན་པ།

    སྟོན་འགོར་རྒྱལ་ལམ་318བརྒྱུད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོར་བསྐྱོད་སྐབས་གཞུང་ལམ་གཙང་སྦྲ་དོད་ལ་གཞོགས་གཉིས་སུ་རྩྭ་དང་རྩི་ཤིང་ཕན་ཚུན་མཛེས་རྒྱན་དུ་གྱུར་ཞིང་། མིག་ལམ་དུ་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་དེ་མངོན།

    དེ་གོང་སྤྲིན་པ་གྲོང་ཚོས“གསེར་རི”བསྲུངས་ཏེ་ཡུན་རིང“དབུལ་ཞྭ”གྱོན། “སྔོན་ཆད་དེ་གར་ནི་རྒྱང་རིང་ནས་བལྟས་པ་ཙམ་གྱིས་རི་སྔོ་ཆུ་དྭངས་ཡིན་མོད། འོན་ཀྱང་རང་བྱུང་ཐོན་ཁུངས་དེ་ལྟ་བུ་ཡོད་རུང་གྲོང་མིར་ཕྱུག་འགྱུར་ལམ་བུ་གང་ཡང་མེད”ཅེས་སྤྲིན་པ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལིང་ཞ་ཡིས་གསར་འགོད་པར་དེ་སྔ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་མཐའ་འཁོར་གྱི་གྲོང་ཚོ་ལས་ཉུང་བ་ཡོད་ཅེས་བཤད།

    2000ལོ་ནས་བཟུང་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་མིར་སྒོ་རའི་དཔལ་འབྱོར་གྱི་ནགས་ཤིང་འདེབས་འཛུགས་ཚོད་ལྟ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། “འབྲས་ཤིང་དགུན་ཁ་གསོ་ཐུབ་བམ། སུས་བསླབ་ཀྱི་རེད་དམ”“ཤིང་འབྲས་བྲིན་པོ་ཡོད་དམ། བྲིན་པོ་མེད་ཚེ་འདེབས་ཀྱི་མིན”“ཤིན་སོན་གྱི་རིན་གོང་མཐོ་པོ་ཡོད་དམ”ཅེས་པ་ལ་སོགས་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་སེམས་ཁྲལ་གླེང་།

    “སྒོ་ར་ཆེན་པོ་དེ་ལྟ་བུ་གཉེར་སྐྱོང་ཡག་པོ་བྱས་ཚེ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་མ་ཡིན་ནམ། མ་ཟད་སྲིད་ཇུས་ཡག་པོ་དེ་ལྟ་བུ་ཡོད་པས་ངས་སྔོན་ལ་ཚོད་ལྟ་ཞིག་བྱས་ཆོག”ཅེས་དེ་གོང་ཞིང་ཁ་འདེབས་པ་དང་ཕྱུགས་འཚོས་ནས་ཁྱིམ་ཚང་གི་འཚོ་བ་འཕྱིད་ཐབས་བྱེད་པའི་ཉང་འགོ་ནི་གྲོང་ཚོའི་ཚོད་ལྟ་བྱེད་མཁན་དང་པོ་དེར་གྱུར།

    སྔོན་ཆད་ཟང་ཟིང་གི་སྒོ་རའི་ནང་དང་ཁང་པའི་རྒྱབ་མདུན་དུ་ཉང་འགོས་རྒུན་འབྲུམ་དང་། ལི། ཀུ་ཤུ། སེ་འབྲུ་སོགས་རིགས་བཅུ་ལྷག་ཙམ་གྱི་དཔལ་འབྱོར་སྡོང་ཕྲུག་200ལྷག་ཙམ་བཏབ། “ད་ཆ་སྒོ་རའི་དཔལ་འབྱོར་ལས་ལོ་ལྟར་རང་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག”མིག་མཐོང་ལག་ཟིན་ཐུབ་པའི་ཁེ་ཕན་ལས་ཉང་འགོ་བློ་ཡིད་ཚིམ་པོ་བྱུང་བ་དང་སྤྲིན་པ་གྲོང་ཚོའི་གྲོང་མིས་ཀྱང་རང་ཁྱིམ་གྱི་བེད་མེད་དུ་ལུས་པའི་སྒོ་རར་ཤིང་འབྲས་འདེབས་འགོ་བཙུགས།

    2017ལོར་སྤྲིན་པ་གྲོང་ཚོའི་གྲོང་མིས་ས་ཞིང་མ་རྐང་ནང་ཞུགས་པ་དང་མ་དངུལ་གྲབས་གསོག་སོགས་བྱེད་སྟངས་བརྒྱུད་མ་དངུལ་སྒོར་ཁྲི་49.5གྲབས་གསོག་བྱས་ཏེ་རྒྱ་ཁྱོན་མུའུ་80ལྷག་ཙམ་གྱི་ཤིང་འབྲས་འཐུ་བསྡུའི་གླིང་བསྐྲུན་ནས་ཤིང་འབྲས་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་བཏང་བ་རེད།

    སྤྲིན་པ་གྲོང་ཚོའི་དཀར་ལ་རང་བྱུང་གྲོང་ཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རི་ཆུའི་དབར་དུ་ལྗོན་ཤིང་སྟུག་པ་དང་གདོད་མའི་སྣོད་བཅུད་ཀྱི་ཞིང་ལས་དང་དེང་རབས་ཤེས་དཔལ་མཉམ་འདྲེས་ཡག་པོ་བྱས་ཤིང་། ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་ཞིང་ནང་མཛེས་ལྗོངས་དང་། བབ་ཆགས་པའི་དམངས་སྲོལ་གོམས་འདྲིས། ནང་དོན་ཟབ་པའི་དམངས་ཁྲོད་རིག་གནས་བཅས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་གསར་སྤེལ་ལ་ཐུན་མོང་མ་ཡིན་པའི་རྨང་གཞི་བཏིང་བ་རེད། དེ་གར་རི་སྐྱེས་ཁམ་སྡོང་1253ཡོད་པར་རྒྱ་ཁྱོན་མུའུ་270ལྷག་ཙམ་ཟིན་ནས“ཁམ་བུའི་མེ་ཏོག་གྲོང་ཚོ”ཞེས་པའི་མཚན་སྙན་ཡོད། 2002ལོ་ནས་བཟུང་དེ་གར“ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་18ལེགས་གྲུབ་ལྡན་པའི་ངང་གཉེར་བ་དང་། དཀར་ལ་གྲོང་ཚོའང་དུས་དེ་ནས་བཟུང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་མགྱོགས་ལམ་ཐོག་བསྐྱོད་ཡོད། 2019ལོ་ཁོ་ནར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་དཀར་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པར་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་པ་རེད།

    གྲོང་ཚོའི་ལོ་39ལ་སླེབས་པའི་ཚེ་དབྱངས་ནི་ཕྱུགས་འཚོ་བ་ནས་ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་གྱི་འགྱུར་ལྡོག་བྱུང་སྟེ་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་རང་ཁྱིམ་གྱིས་དམིགས་སུ་བཟོས་པའི་ཕྱུར་བ་དང་། མར། འོ་མ་བཅས་འཚོང་བཞིན“སྔོན་ཆད་ནོར་ལུག་མང་ཙམ་གསོས་ཚེ་གཞི་ནས་ཡོང་འབབ་གསོག་ཐུབ་སྙམ་གྱི་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པར་ཡུལ་སྐོར་གཉེར་སྐྱོང་བྱས་པའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཉིས་གསུམ་ཙམ་བྱུང་། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོས་དེ་གར་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་། ཇ་བསྲུབས་མ་འཐུང་བ། བོད་ཟས་བཟའ་བ་བཅས་ལས་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་གི་འདུག”ཅེས་ཚེ་དབྱངས་ཀྱིས་བཤད།

    མིག་སྔར་ཚེ་དབྱངས་ཀྱི་ཁྱིམ་ཚང་མགྲོན་ཁང་རིམ་སྤོར་སྒྱུར་བཀོད་ཀྱི་དུས་སུ་སླེབས་ཞིང། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་200བཏང་ནས་ཆེད་ལས་ཇུས་འགོད་ཀུང་སི་གདན་དྲངས་ཏེ་སྤྲིན་པ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་4རིམ་སྤོར་སྒྱུར་བཀོད་བྱས་ནས་ཡུལ་དེའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཧུར་ཐག་གཉེར་ཐོག ཡུལ་སྐོར་བར་ཡུལ་དེའི་དམངས་སྲོལ་གོམས་འདྲིས་ཕྱོགས་ཡོངས་ནས་མྱོང་རོལ་ཐུབ་པ་དང་ཀོང་པོའི་གོམས་སྲོལ་ཕྱོགས་ཡོངས་ནས་ཉམས་ལེན་ཐུབ་པ། ཀོང་པོའི་རིག་གནས་ཇི་མ་ཇི་བཞིན་མྱོང་རོལ་དང་མྱོང་ཚོར་ཐུབ་པ་བཅས་བྱེད་བཞིན་ཡོད།

    ད་ཆའི་སྤྲིན་པ་གྲོང་ཚོར་ཁྱིམ་ཚང་ཚང་མའི་སྒོ་རའི་ནང་སྔོ་ལྗང་ལྗོན་པས་ཁེངས་པ་དང་ཤིང་འབྲས་བྱུར་བུར་བཏགས་ཤིང་། གཙང་ལ་ཉམས་དོད་པ་དང་སྐྱིད་སྣང་དོད་པའི་ཁོར་ཡུག་ལས་གྲོང་མི་ཚོར་བདེ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་ཡོད་པ་རེད།

    ཁོམ་པ་ཡོད་སྐབས་སྤྲིན་པ་གྲོང་ཚོའི་གྲོང་མི་ཚོ་གླིང་ཁར་འཛོམས་ཏེ་ལ་གླུ་ལེན་པ་དང་སྒོར་གཞས་འཁྲབ་ཅིང་། གྲོང་མི་དར་རྒྱས་ཀྱིས་གསར་རྩོམ་བྱས་པའི་གཞས་ཚིག“མ་ཡུམ་ཏང་གི་དྲོ་སྐྱིད་ལས། སེམས་ཀྱི་གྲང་ངར་ཡོངས་སུ་སེལ། མི་སེར་གྱི་ཕོ་ཉ་ཁྲུང་ཁྲུང་། མྱུར་དུ་པེ་ཅིང་ཕྱོགས་ལ་འཕུར་ཏེ། ངེད་ཚོ་མི་སེར་གྱི་བསམ་འདུན། མི་དམངས་ཀྱི་གཙོ་འཛིན་ལ་ཞུས་དང་། མཛེས་སྡུག་དཔྱིད་ཀྱི་དཔལ་ཡོན། གངས་ལྗོངས་ས་མཐོར་བཞད་སོང་། རླབས་ཆེའི་གུང་ཁྲན་ཏང་གི་བཀའ་དྲིན་ལས། མི་དམངས་བདེ་སྡོད་ལས་བརྩོན་སྐྱིད་ལ་རོལ”ཞེས་པ་དེས་དྲིན་ཚོར་གྱི་བསམ་པ་ཡོངས་སུ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།