དབུ་ཤོག>ཆེད་སྒྲིག
  • ཟོག་འབེལ་དམངས་ཕྱུག་འཚོ་བ་ལེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-30

    772515_yis_1600923776994_s.jpg

    འདི་ནི་སྒེར་རྩེ་རྫོང་ཟོག་འགྲེམས་ལྟེ་གནས་ཀྱི་རྣམ་པ་ཡིན་པ།

    སྒེར་རྩེ་རྫོང་གི་དབུལ་སྐྱོར་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་སུ་སྐྱོད་སྐབས། ལས་དོན་མི་སྣ་ཚེ་རིང་གིས་འབྱོར་མ་ཐག་པའི་དངོས་ཟོག་རླངས་འཁོར་ནས་འབེབས་བཞིན་འདུག ཁོང་གི་དཔྲལ་བར་རྔུལ་ཆུའི་ཐིགས་པ་བཞུར་ཡང་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་དུ“ཚོང་ཟོག་འདི་དག་ཕབ་ཚར་ན་གླ་ཡོད་པ་མ་ཟད། ད་དུང་རེས་སྐོར་གྱི་ངལ་གསོ་ཡང་འཁེལ་གྱི་ཡོད་པས་ཁྱིམ་དུ་ལོག་ཆོག”ཅེས་བཤད།

    སྒེར་རྩེ་རྫོང་གི་དབུལ་སྐྱོར་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་རྣམ་གྲངས་ནི་ཚོང་གཉེར་ཟོག་འགྲེམས་དང་། མགྲོན་ཁང་། རླངས་འཁོར་ཉམས་བཟོ་བཟོ་གྲྭ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འཛུགས་སྐྲུན་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ཀྱི་རྣམ་གྲངས་ཤིག་རེད། སྒེར་རྩེ་རྫོང་སྲིད་གཞུང་དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྣེ་ཁྲིད་འོག སྒེར་རྩེ་རྫོང་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་དོ་དམ་གྱི་འགན་ཞིབ་ཕྲ་ཁུར་ནས“ཀུང་སི་ཅན་གྱི་དོ་དམ+འགན་གཙང་གཉེར་སྐྱོང+མཉམ་ལས་ཁང་གི་ཞབས་ཞུ+དུད་ཚང་དབུལ་པོའི་ལས་ཞུགས་གསོ་སྦྱོང་ལ་སྐུལ་ཁྲིད”བཅས་“ཕྱོགས་བཞི་གཞི་གཅིག”གི་འཁོར་སྐྱོད་བྱེད་སྟངས་ལག་ལེན་བསྟར་ཡོད།

    རྣམ་གྲངས་དེས་རང་སྐྱོང་ལྗོངས་ཀྱི“གཏན་འཁེལ་ལྔ་དང་གཅིག་གྱུར་གསུམ”གྱི་དོ་དམ་བླང་བྱར་ནན་པོ་གཞིགས་ཏེ། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཕན་པ་འཐོབ་ཡུལ་གྱི་མིང་ཐོ་བཟོས་པ་དང་ཕན་པ་འཐོབ་ཡུལ་ནི་སྒེར་རྩེ་རྫོང་གི་ཤང་གསུམ་དང་གྲོང་རྡལ་གཅིག་གི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་720ཡིན་པ་རེད། རྣམ་གྲངས་ཀྱི་ལོ་རེའི་ཡོང་འབབ་ཁེ་གཙང་ནས་80%དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་20%རྫོང་དེ་གའི་སྤུས་ལེགས་ཐོན་ལས་ཀྱི་འཕེལ་རྒྱས་ཐེབས་རྩ་བྱེད་ཀྱི་ཡོད། འཆར་གཞི་ལྟར་ན། ལོ་ལྟར་ཁེ་སྤོགས་བགོ་བཤའ་ཐེངས་བཞི་དང་དུས་ཚིགས་རེར་ཐེངས་རེ་སྤྲད་དེ། མདུན་གྱི་ལོ་5ཡི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་སྔོན་དཔག་བྱས་ན་ལོ་རེར་ཁེ་སྤོགས་སྒོར་2000བགོ་བཤའ་རྒྱག་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་དུས་མཇུག་ཏུ་བོགས་དངུལ་འཕར་ཚུལ་ལ་གཞིགས་ནས་དུད་ཚང་དབུལ་པོའི་མང་ཚོགས་ཀྱི་ཁེ་སྤོགས་བགོ་ཚད་རིམ་བཞིན་མང་དུ་གཏོང་རྩིས་ཡོད་པ་རེད། དེ་དང་དུས་མཚུངས“དབུལ་སྐྱོར་ཀུང་སི+འགན་གཙང་ཀུང་སི+ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ”བཅས་ཀྱི་ལས་ཞུགས་དོ་དམ་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། རྣམ་གྲངས་དེས་ཕན་པ་ཐོབ་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྔོན་ལ་ལས་ཞུགས་བཀོད་སྒྲིག་བྱས་པ་དང་། མི་རེར་ཟླ་རེའི་གླ་ཕོགས་ཁྲོམ་རའི་ཚད་གཞི་ལྟར་སྤྲོད་ཀྱི་ཡོད།

    སྒེར་རྩེ་རྫོང་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་འགན་འཁུར་བ་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་2019ལོའི་ཟླ་3པ་ནས་སྤྱོད་འགོ་ཚུགས་པ་དང་མིག་སྔའི་བར། ཁེ་སྤོགས་ཐེངས་3བགོས་པར་མ་དངུལ་སྒོར་ཁྲི་108ཟིན་པ་དང་། རྣམ་གྲངས་དེས་མི་འབོར་དབུལ་པོ་720ཡི་དབུལ་སྒྲོལ་ལ་སྐུལ་ཁྲིད་ཐུབ་ནས་མི་འབོར་དབུལ་པོ་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་1500བྱུང་ཡོད། དུས་མཚུངས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་ལྕག་བྱས་པ་དང་། མང་ཚོགས་དབུལ་པོ་69ལ་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ངལ་ནུས་ཡོང་འབབ་སྒོར་ཁྲི་136བྱུང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི“ཕུགས་འདུན་མངོན་འགྱུར་ཁང་གསར”གྱི་མང་ཚོགས་དང་དེ་བཞིན་ཉེ་འཁོར་གྱི་མང་ཚོགས་དབུལ་པོར་ལས་ཞུགས་གཞན་སྒྱུར་གྱི་ལས་གནས་40མཁོ་འདོན་བྱས་པ་རེད། དེའི་ནང་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་ལས་ཞུགས་མི་གྲངས་8ཟིན་བཟོ་ཡོད་པ་དང་། མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་5ལས་ཞུགས་ཐུབ་པ་དང་ཆ་སྙོམས་ཟླ་རེར་གླ་ཆ་སྒོར་2500ནས་3000བར་ཡོད་པས་མི་རེར་ལོ་རེར་ལས་ཞུགས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། མཛོད་ཉར་དང་ཟོག་འགྲེམས་ལ་མི་20ལས་ཞུགས་ཐུབ་བཟོ་ཡོད་པ་དང་། མིག་སྔར་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་10ལས་ཞུགས་ཐུབ་པ་དང་ཆ་སྙོམས་མི་རེར་ཟླ་རེར་གླ་ཆ་སྒོར་1600ཡོད་པས། མི་རེར་ལོ་རེར་ལས་ཞུགས་འབབ་འཕར་སྒོར་19200བྱུང་ཡོད།

    སྐལ་བཟང་ནོར་བུས་བྱང་ཐང་གི་དབུས་སུ་གནས་པའི་སྒེར་རྩེ་རྫོང་ནི་ནུབ་སེང་གེ་ཁ་འབབ་གྲོང་རྡལ་དང་བར་ཐག་སྤྱི་ལེ་500ཡོད་པ་དང་ཤར་ནག་ཆུ་ས་ཁུལ་དང་བར་ཐག་སྤྱི་ལེ་900ཡོད། རྒྱལ་ལམ་317བརྒྱུད་མངའ་རིས་སུ་འགྲོ་འོང་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་རེད། མིང་ཧྥུང་ནས་སྒེར་རྩེ་བར་གྱི་གཞུང་ལམ་བསྐྲུན་པ་དང་བསྟུན་ནས་སྒེར་རྩེ་རྫོང་བོད་བྱང་ཐང་གི་ཟོག་འགྲེམས་ལྟེ་གནས་དང་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་གནས་བབ་སྔར་བས་མངོན་གསལ་དོད་དུ་འགྲོ་སྲིད། སྒེར་རྩེ་རྫོང་གི་དབུལ་སྐྱོར་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་རྣམ་གྲངས་བསྐྲུན་པ་ལས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། སྒེར་རྩེ་རྫོང་གི་སླད་ཕྱིན་གྱི་འཕེལ་རྒྱས་ལ་གོ་སྐབས་དང་མཐུན་རྐྱེན་དེ་བས་མང་བ་མཁོ་འདོན་ཐུབ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།