དབུ་ཤོག>ཆེད་སྒྲིག
  • ཁྱིམ་གཞིས་གསར་པར་སྤོས། འཚོ་བ་བདེ་ཞིང་སྐྱིད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལུའོ་པོ །ཝང་པིང་ཁུན། ཀྲའོ་དབྱི་ཧུང་།   |     སྤེལ་དུས།  2020-09-30

     འདི་ནི་བོད་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚེ་ཆུ་ཐང་གྲོང་ཚོའི་རྣམ་པ་ཡིན་པ།

     འདི་ནི་བོད་ལྗོངས་ཡུལ་སྨད་ཤང་གི་གནས་སྤོས་མང་ཚོགས་ཀྱིས་སྔོ་ཚལ་དྲོད་ཁང་དུ་སྔོ་ཚལ་འདེབས་རྩལ་སྦྱོང་བཞིན་པ།

    རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། རིམ་རྩིས་བྱས་ན། མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

    སྔར་བྱུང་མྱོང་མེད་པ་ཞིག་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བྱ་སྤྱོད་ནི་དབུལ་པོའི་རྩ་བ་དྲུང་ནས་འབྱིན་པའི་འགག་རྩ་ཞིག་རེད།

    ཉེ་དུས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས། མང་ཚོགས་དབུལ་པོ་དབུལ་པོའི་གནས་ལས་སྤོས་ནས་འཚོ་བར་འགྱུར་ལྡོག་འགྲོ་བཞིན་པ་མཐོང་བྱུང་།

    མཐོ་གྲང་ཐག་རིང་ཁུལ་ནས་ལུང་ཤུར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོས་པས“ས་གནས་ཀྱི་ནད་ལས་ཐར་བ”

    གྲོང་ཚོའི་ལག་ཤེས་བཟོ་ལས་ཀྱི་མཉམ་ལས་ཁང་དུ་ལོ་40ལ་སླེབས་པའི་དར་རྒྱས་དང་ཁོང་གི་ལས་རོགས་ཁ་སྤྲོད་དུ་བསྡད་ནས་སྤུན་དོག་དཀྲི་བཞིན་མཆིས།

    ལག་པའི་ཚིགས་ཀྱོག་ཀྱོག་ཆགས་རུང་། ཁོང་གིས་སྤུན་དོག་མགྱོགས་པོ་དཀྲིས་སྟངས་ལ་བལྟས་ཚེ་ཁོང་ནི་སྡུག་རུས་ཆེ་བའི་མི་ཞིག་ཡིན་པ་ཤེས་ཐུབ།

    དར་རྒྱས་ནི་བོད་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚེ་ཆུ་ཐང་གྲོང་ཚོ་ནས་ཡིན་ཞིང་། ལོ་གསུམ་གོང་དེ་གར་སྤོ་སྐབས་གྲུམ་བུའི་ནད་ཚབས་ཆེན་ཕོག་པའི་ཁོང་ལོ་ཧྲིལ་པོ་མལ་སར་ལུས། ད་ཆ་ཁྱིམ་ནས་ཐོན་ཏེ་ལས་ཞུགས་ཐུབ་པས་ཁོང་གིས་རང་ཉིད་ཀྱི་འཚོ་བར་རེ་བ་ཡོད་པ་མཐོང་།

    ཚེ་ཆུ་ཐང་གྲོང་ཚོ་ནི་བོད་ཀྱི་གྲུམ་བུའི་ནད་ཕོག་མཁན་ལ་གནད་སྨིན་དབུལ་སྐྱོར་བྱས་པའི་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཞིག་རེད། 2017ལོར། ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ས་ཁུལ་དང་གྲོང་ཁྱེར་གསུམ་གྱི་དུད་ཚང་དབུལ་པོ་150ཁག་བཞི་ལ་བགོས་ནས་དེ་གར་སྤོས། གྲོང་ཚོར་མི་683ཡོད་པར་དྲེག་གྲུམ་གྱི་ནད་ཕོག་མཁན་204ཡོད།

    ཆ་སྙོམས་ས་བབ་སྨི་4000ཡོད་པའི་བོད་ཀྱི་ས་གཞིའི་ཐོག མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཐོ་གྲང་དང་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་བསད་བྱེད་ཀྱི་ཡོད། ལྷག་དོན་དུ་ས་ཁུལ་ཁག་གཅིག་ཏུ་གྲུམ་བུའི་ནད་དང་། དྲེག་ནད། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ས་མཐོའི་ནད་ཐོན་མང་བས་འཚོ་གནས་ཀྱང་དཀའ་བར་བརྟེན། འཚོ་བར་ལེགས་བཅོས་དང་ཐོན་སྐྱེད་འཕེལ་རྒྱས་བྱེད་རྒྱུ་དེ་བས་ཁག་པོར་གྱུར།

    ནད་གཞི་ནི་དེ་སྔོན་བོད་དབུལ་པོར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་རེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བསྡོམས་རྩིས་ཤིག་ནས་མངོན་གསལ། 2016ལོར་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་6.34ཡོད་པ་རེད།

    “མི་སེར་གཟུགས་གཞི་བདེ་ཐང་མེད་ཚེ་དམངས་ཡོངས་འབྱོར་འབྲིང་ཡོང་ག་ལ་སྲིད”མང་ཚོགས་དབུལ་པོ་ནད་གཞི་ཕོག་པའི་ཁོར་ཡུག་ལས་རྦད་དེ་སྤོས་ཏེ“འཛམ་གླིང་ཡང་རྩེའི”འབྱོར་འབྲིང་ལམ་བུར་བསྐྱོད་ཐུབ་པ་བྱེད་རྒྱུ་ནི་མཚོན་བྱེད་རང་བཞིན་གྱི་རོགས་སྐྱོར་བྱ་སྤྱོད་ཅིག་ཏུ་གྱུར་པ་སྨོས་མེད་རེད།

    མིག་སྔའི་བར། བོད་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་960ལྷག་བསྐྲུན་ནས་མང་ཚོགས་དབུལ་པོ་ཁྲི་26.6སྡོད་ཁང་གསར་པར་སྤོས། མཐོ་གྲང་ཐག་རིང་ནས་ལུང་ཤུར་གྱི་གྲོང་ཁྱེར་དང་གྲོང་རྡལ་བར་མང་ཚོགས་དབུལ་པོར་སྡོད་སའི་གནས་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པ་ཁོ་ན་ཙམ་མིན་པར། སྔར་བས་མང་བའི་ཕན་པ་བསྐྲུན་རྒྱུ་རེད།

    ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོ་ཆུ་ཤུར་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་རེད།

    བློ་བཟང་སྙན་གྲགས་ཆུ་ཤུར་རྫོང་བོད་སྡེ་གྲོང་ཚོ་ནས་སྤོས་ཡོང་བ་དང་། དེ་སྔོན་ནང་མི་ཚང་མས་རི་ཁུག་གི་སྐམ་ཞིང་མུའུ་10དང་འབྲི་གཡག་མགོ་གྲངས་བཅུ་གྲངས་ལ་བརྟེན་ནས་འཚོ་བ་ཕྱིད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་བཟའ་ཟླར་ནད་གཞི་ཕོག་པ་དང་ཕྲུ་གུ་མང་བས་འཚོ་བའི་འཁོས་ཀ་ཤིན་ཏུ་ཞན།

    མྱུར་བགྲོད་གཞུང་ལམ་དང་གནམ་ཐང་དང་ཐག་ཉེ་བའི་སྡོད་ཁང་གསར་པར་སྤོས་རྗེས་བློ་བཟང་སྙན་གྲགས་ཀྱིས་གྲོང་ཚོའི་ལས་བྱེད་པའི་རོགས་རམ་འོག གྲོང་མི་སྐུལ་སློང་གིས་ཐང་རྒོད་སྔོ་འགྱུར་དང་སྡོང་ཕྲུག་འདེབས་འཛུགས་སོགས་བྱས། ད་ཆ་ཁོང་དབུལ་སྒྲོལ་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར།

    བློ་བཟང་སྙན་གྲགས་ཀྱིས“དབུལ་པོའི་གནས་ལས་སྤོས་ཚེ་གོ་སྐབས་རང་བཞིན་གྱིས་ཡོང”ཞེས་བཤད།

    འཚོ་ཐབས་བྱེད་པ་ནས་བདེ་སྐྱིད་དོན་གཉེར་བྱེད་པའི་བར་གྱི“བདེ་སྐྱིད་ལྡན་པའི་འཚོ་བ”

    2018ལོའི་ཟླ་5པར། བོད་ཀྱིས་ས་ངན་ཡུག་ཁུལ་གྲོང་ཁྱེར་སྒྲོལ་བའི་སྤྱི་ཡོངས་ཀྱི་གནས་སྤོས་ཐབས་ཇུས་ལག་བསྟར་བྱ་རྒྱུ་བཏོན། འབྲི་ཆུའི་ངོགས་སུ་ལོགས་སུ་སྡོད་མཁན་ས་ངན་གྱི་མང་ཚོགས་ཁྲི་1.1ལ་མི་ཚེར་འགྱུར་ལྡོག་གཏོང་བའི་གོ་སྐབས་ཆེན་པོ་ཞིག་འཕྲད།

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་ཁྲང་ལེ་ཡོན་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས་གནས་སྤོས་དུད་ཚང་ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་བུ་ཕྲུག་ཀྱང་ཐག་ཉེ་སར་སློབ་གྲྭར་བཏང་འདུག རྒན་རྒོན་ཚོ་ནད་གཞི་ལྟ་བདེ་བ་དང་གཞོན་ནུ་ཚོ་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་འཚོལ་བའམ་ཡང་ན་གྲོང་ཁྱེར་གྱི་ལྟེ་བར་ལས་ཞུགས་ཐུབ་ཀྱི་ཡོད། སྨར་ཁམས་རྫོང་རྒོད་པོ་ཤང་ནས་སྤོས་པའི་བགྲེས་སོང་ཨ་པོས་དཔྱིད་རླུང་ལྡང་ནས་གངས་འཁྱགས་བཞུས་པ་བཞིན་ས་ངན་བར་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་སོ་སོའི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་སོང་ཞེས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས།

    དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་པ་ཐོབ་མཁན་ད་དུང་བོད་བྱང་ཐང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་འབྲོག་པའང་ཡོད།

    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཀའ་གནད་བསལ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་ཆེད། བོད་ཀྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ལས་དོན་སྤེལ་ནས་ལོ་བརྒྱད་ནང་མི་ཁྲི་13སྤོ་རྩིས་ཡོད་པ་རེད།

    ལྷ་སའི་ནུབ་འདབས་སུ་ཡོད་པའི་སྟོད་ལུང་བདེ་ཆེན་རྫོང་དགའ་གྲོང་གྲོང་ཚོར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་ཡོད།

    2018ལོའི་ཟླ་དྲུག་པར། སྣོད་བཅུད་ཁོར་ཡུག་ཞན་ལ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པའི་རོང་དམར་ཤང་ཡོངས་ཀྱི་དུད་ཚང་262ཀྱི་མི་1102སྤྱིའི་རྒྱ་ཁྱོན་ཧའེ་ནན་ཞིང་ཆེན་ལས་ཀྱང་ཆེ་བའི་རོང་དམར་ཤང་དང་ཁ་བྲལ་ནས་གནས་སྤོས་བྱས།

    མི་སྤོས་རྗེས་རྩྭར་སླར་གསོ་བྱུང་ཞིང་། གནས་སྤོས་རྗེས་རོང་དམར་ཤང་དུ་ཕྱུགས་རིགས་འཚོ་ཚད་བཅུ་ཆ་དགུ་ཙམ་ཉུང་དུ་ཕྱིན་ནས་རྩྭ་ར་མུའུ་ཁྲི་357སླར་གསོ་བྱུང་བས། བྱང་རྩྭ་ཐང་གི་གཙོད་དང་། འབྲོང་། རྐྱང་སོགས་རི་སྐྱེས་སྲོག་ཆགས་ཁག་ལ་བག་ཡངས་སུ་རྒྱུ་བའི་བར་མཐོངས་ཆེན་པོ་ཐོབ།

    མིའི་རིགས་འཚོ་སྡོད་ལ་མ་འཚམ་པའི“འཚོ་གནས་དཀའ་ཁུལ”དང་ཁ་འབྲལ་སྐབས་འབྲོག་པ་ཚོས་ད་དུང“སླད་ཕྱིན་ཀྱི་འཚོ་བ་ཇི་ལྟར་སྐྱེལ”ཞེས་སེམས་ཁྲལ་བྱེད་ཀྱི་ཡོད།

    གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་སྲིད་གཞུང་གིས་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། དགའ་གྲོང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་བཞོན་མ་གསོ་ཚགས་ར་བ་དང་། ལུག་རྒྱགས་གསོ་ར་བ། འབྲོག་ཁྱིམ་སྤྲོ་ཁང་སོགས་གསར་པ་བརྒྱབ་ནས་འབྲོག་པ་མང་ཚོགས་ལས་ཞུགས་བྱེད་དུ་བཅུག་པ་དང་། ཉེ་ཆར། དེ་གར་ད་དུང་མཚོ་བོད་གཞུང་ལམ་དང་ཐག་ཉེ་བའི་ལེགས་ཆ་སྤྱད་དེ་རླངས་འཁོར་འཇོག་ས་དང་མྱུར་ཟས་ཟ་ཁང་སོགས་ཀྱང་བཙུགས།

    དབུལ་སྐྱོར་ལས་བྱེད་པས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་གནས་སྤོས་དུད་ཚང་ཁག་གིས་ཀྱང་ཧུར་ཐག་འབད་ཐག་བྱས།

    ཁེར་རྐྱང་མཐའ་སྲུང་ནས“གཅིག་ཀྱང་མི་ལུས་པར་བྱེད་པའི”བར། “ཁ་བཏགས་ཏང་ལ་འབུལ”

    སྟོན་ཐོག་མའི་ཞོགས་པར། ཡུལ་སྨད་ཤང་སློབ་ཆུང་གི་ཅོང་བརྡ་གྲགས་པ་དང་བསྟུན་ནས་བྱིས་པ་ཚོའི་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ལ་དེ་སྔ“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་འབོད་ཀྱི་ཡོད། དུས་ཡུན་རིང་པོ་ཞིག་ལ་དེ་གར་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་མི་3ཡོད་པའི་དུད་ཚང་གཅིག་ལས་མེད།

    སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་དུ་མར་སྐད་གྲགས་མེད་པར་མེས་རྒྱལ་གྱི་མངའ་ཁོངས་སྲུང་བའི་གཏམ་རྒྱུད་ད་ཆ་མི་མང་པོས་ཤེས་ཀྱི་ཡོད། ལོ་13གོང་། མཐོ་འབྲིང་ནས་ཐོན་པའི་པ་སངས་ཚེ་རིང་དེ་གར་ཐོག་མར་བསླེབས་ནས་ལས་ཀ་བྱེད་སྐབས་མཐའ་མཚམས་སྲུང་བ་ནི་ལས་སླ་པོ་ཞིག་མིན་པ་གསལ་པོར་ཤེས།

    “ཐོག་མར་སླེབས་སྐབས། ཤང་དུ་སློབ་གྲྭ་མེད་པས། ས་ཁང་ཁང་མིག་གཅིག་སློབ་ཁང་དུ་བཟོས་པས་དེ་གའི་བྱིས་པ་ཚོར་སོ་སོའི་སྒོ་རྩ་ནས་སློབ་ཚན་ཐེངས་དང་པོ་ཉན་རྒྱུ་བྱུང”ད་ཆ་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་པ་སངས་ཚེ་རིང་གིས་དེ་ལྟར་ཕྱིར་དྲན་བྱས།

    ལོ་བཅུ་གྲངས་གོང་ཡུལ་སྨད་དུ་གཞུང་ལམ་ཤར་གཏོང་ཐུབ་མེད་པས། ལོ་ལྟར་དགུན་ཁར་གངས་བབས་ནས་ལམ་འགག་ཚེ་པ་སངས་ཚེ་རིང་དང་ཡུལ་མི་སྤུན་ཟླ་ཚོ་ལོ་ཕྱེད་ཙམ་ཕྱིར་བསྐྱོད་ཐུབ་ཀྱི་མེད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་གཅིག་ཀྱང་མི་ལུས་པར་བྱེད་དགོས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཐག་རིང་ལུང་ཁུག་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་མཐའ་མཚམས་ཀྱི་རི་གྲོང་རེ་རེར་ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་ཡོང་བཞིན་ཡོད།

    ཡུལ་སྨད་ཤང་གི་ཁྲོམ་གཞུང་དུ་སྐྱོད་སྐབས། བོད་བཟོའི་ཁང་པ་མང་པོ་གྲལ་འགྲིག་ཅིང་། ཁྲོམ་ལམ་གཞོགས་གཉིས་སུ་ཚོང་ཁང་དང་། ཁྱིམ་ཚང་མགྲོན་ཁང་། བོད་ཟས་ཁང་སོགས་མང་པོ་ཡོད་པ་མ་ཟད། ད་དུང་སློབ་གྲྭ་དང་། འཕྲོད་བསྟེན་ཁང་། གྲོང་མིའི་བྱེད་སྒོ་ལྟེ་གནས་སོགས་སྤྱི་པའི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད་པ་རེད།

    སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་གསར་འགོད་པར། སྲིད་གཞུང་གིས་ཡུལ་མི་སྤུན་ཟླ་ཚོར་ཁ་གསབ་སྣ་ཚོགས་དང་སྣོད་བཅུད་ལས་གནས་ཀྱི་གླ་ཕོགས་སྤྲོད་ཀྱི་ཡོད་པ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་གིས་མཐའ་མཚམས་ཡུལ་སྐོར་དང་སྨྱུག་ཆས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རོགས་ཀྱང་བྱེད་ཀྱི་ཡོད་པས། “ང་ཚོས་འདི་གར་མཐའ་མཚམས་བརྟན་སྲུང་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་བརྗེད་མེད”ཅེས་བཤད།

    རྒྱལ་ཁབ་ཀྱི་རི་རབ་ལྟ་བུའི་བཀའ་དྲིན་ལ། མི་སེར་གྱིས་རྒྱ་མཚོ་ལྟ་བུའི་བརྩེ་སེམས་བཅངས་བ།

    ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ། རླངས་འཁོར་མང་པོ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མཁར་ལྟག་ཤང་དུ་བསྐྱོད་པ་དང་བསྟུན་ནས། “མཐའ་མཚམས་འབྱོར་འབྲིང་གྲོང་ཚོ”རྡོ་ཐང་གྲོང་ཚོར་གྲོང་མི་གསར་པ་ཁག་ཅིག་སྤོས། དེ་གར། ཁོང་ཚོས་ས་བབ་མཐོ་ཚད་སྨི་4500ཡས་མས་ཟིན་པའི་མཐའ་མཚམས་སུ་ཕྱུགས་འཚོས་ནས་ཐོན་སྐྱེད་འཕེལ་རྒྱས་གཏོང་གི་ཡོད།

    “ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་དེ་ཡིན་ལ། རྒྱལ་ཁབ་ནི་ཁྱིམ་ཚང་ཆེ་ཤོས་དེ་ཡིན”སྤེན་པ་དབང་ཕྱུག་ནི་རང་མོས་ངང་མིང་ཐོ་བཀོད་པའི་གནས་སྤོ་མཁན་ཁག་དང་པོའི་གྲས་ཤིག་རེད། ཁོང་གིས“ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་གཟིགས་སྐྱོང་དང་ཐུགས་ཁུར་གནང་གི་ཡོད་པས། ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་མེས་རྒྱལ་གྱི་རྩྭ་རྩི་ཤིང་ཚུན་ཆད་ལ་ཡང་སྲུང་སྐྱོང་བྱེད་རྒྱུ་ཡིན”ཞེས་བཤད།

    རི་ཚོགས་ཀྱིས་བསྐོར་བའི་ཡུལ་སྨད་ཤང་དུ། ལོ་འདི་དག་རིང་མི་འབོར་གསར་པ་སྤོས་པ་དང་བསྟུན་ནས། ད་ཆ་ཁྱོན་ཡུལ་མི་200ལས་བརྒལ་ཏེ། དེ་སྔའི་ཁེར་རྐྱང་དེ་ད་ཆ་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན་ཡོད།

    རྒྱལ་སྟོན་འཆར་གྲབས་ཡོད་པའི་སྐབས་འདིར། ཡུལ་སྨད་ཤང་གི་དུད་ཚང་ཚང་མས་སྐར་ལྔའི་དར་དམར་གསར་རྐྱང་བཙུགས་ཡོད།

    སྒྲོལ་དཀར་གྱི་བུ་མོ་ཆུང་བ་པ་སངས་སྒྲོལ་དཀར་1996ལོར་སྐྱེས་ཤིང་། ན་ནིང་སློབ་ཆེན་ཐོན་ནས་ཡུལ་སྨད་དུ་ལོག་པ་དང་། ཁོང་གིས“ངའི་ཁྱིམ་ཚང་ནི་ཡུལ་སྨད་ཡིན། རྒྱལ་ཁབ་ནི་ཀྲུང་གོ་ཡིན” བཀྲ་ཤིས་བདེ་ལེགས། ང་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞེས་བཤད།


    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།