འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོ་ཡིན་པ།
“ང་ཚོའི་བཞོན་མ་མཉམ་ལས་ཁང་གིས་བཞོན་མ་དང་བ་གླང་མགོ་གྲངས་150གསོ་ཚགས་བྱེད་པ་དང་། དུད་ཚང་ཁག་གིས་ཁ་ཐོར་དུ་བ་ཕྱུགས་མགོ་གྲངས་2080གསོ་ཚགས་བྱེད་པས་ཁེ་སྤོགས་སྒོར་ཁྲི་35ཙམ་ཟིན་གྱི་ཡོད”
“ཧི་མ་ལ་ཡའི་ནས་ཨང་22པའི་རིམ་པ་གཉིས་པའི་སོན་ཞིང་ལ་ཐོན་འབབ་རྒྱ་མ་ཁྲི་180ཙམ་ཟིན་གྱི་ཡོད”
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་བཀྲ་ཤིས་ཀྱིས་གྲོང་མདའ་རུ་གསར་འགོད་པ་མཐོང་ནས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་ཁོང་གི་ངོ་གདོང་ནས་འཛུམ་མདངས་འཕྱུར། ཉེ་བའི་ལོ་ཤས་རིང་། ཤར་ཕྱོགས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་དབུལ་སྐྱོར་ལས་དོན་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ནས་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ་དང་། ད་དུང་གྲོང་ཚོ་ཡོངས་སུ་ཐ་མག་འཐེན་མི་ཆོག་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་བར་བརྟེན་ནས་ཤར་ཕྱོགས་གྲོང་ཚོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ལའང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
ཐ་མག་ལ་ཚོད་འཛིན་བྱེད་པ་ནི་ཤེས་དཔལ་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་མཚོན་མཚོན་རྟགས་ཤིག་རེད།
སྔོན་ཆད་གྲོང་ཚོར་ཚོགས་འདུ་འཚོག་སྐབས་ཚོགས་ཁང་ཐ་མག་གི་དུ་བས་ཁེངས་པ་དང་། གྲོང་མི་ཚོས་ཐ་མག་ཚད་མེད་འཐེན་པ་དེས་གཟུགས་པོའི་བདེ་ཐང་ལ་གནོད་པ་མ་ཟད། འགྲོ་སོང་ཡང་མི་ཉུང་བ་ཞིག་འགྲོ་བཞིན་ཡོད། ལོ་འགའི་སྔོན་ལ་གྲོང་ཚོར་ཐ་མག་གཅོད་པ་དང་ཚོད་འཛིན་བྱེད་པའི་བྱ་སྤྱོད་སྤེལ་རྒྱུའི་ཐག་བཅད་པ་དང་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཐ་མག་བཅད་པ་མ་ཟད། གྲོང་མིའི་ཚོགས་ཆེན་འཚོགས་ནས་ཐ་མག་གཅོད་པ་དང་ཚོད་འཛིན་བྱེད་པའི་བྱ་སྤྱོད་ཁྱབ་གདལ་བཏང་བ་རེད། གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་མི་ཚོས་ཕན་ཚུན་ལྟ་སྐུལ་བྱས་པ་བརྒྱུད་ལོ་གཅིག་ལས་མ་འགོར་བར་གྲོང་ཚོ་ཡོངས་ལ་ཐ་མག་འཐེན་པའི་སྣང་ཚུལ་སྤྱིར་ན་མེད་པ་རེད།
སེམས་ཐག་གཙང་མར་བཅད་ན་འགྲུབ་མི་ཐུབ་པའི་བྱ་བ་མེད། འགག་རྩ་ནི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་ལ་ཐུག་ཡོད།
གྲོང་མི་ཉི་མ་ཚེ་རིང་ནི་དེ་སྔ་གྲོང་ཚོའི་དཀའ་ངལ་ཡོད་པའི་དུད་ཚང་ཞིག་ཡིན་པས་ལྟོ་གོས་ཐད་སེམས་ཁྲལ་ཆེན་པོ་ཡོད། སྐབས་དེའི་ཤར་ཕྱོགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བའི་བསྟན་འཛིན་དབང་རྒྱལ་གྱིས་ཁོང་དང་སྤེལ་རེས་ཐེངས་འགའ་བྱས་རྗེས། ཁོང་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་བློ་ལྡན་པ་ཤེས་ནས་ནོར་ལུག་གསོ་རྒྱུའི་སྐུལ་མ་བཏང་བ་རེད།
ཚང་མའི་རོགས་རམ་འོག་ཉི་མ་ཚེ་རིང་ལ་རིམ་བཞིན་དབུལ་སྒྲོལ་གྱི་ཡིད་ཆེས་འཕེལ། ཏང་ལ་ཞུགས་པ་མ་ཟད། 2014ལོར་ད་དུང་ཤར་ཕྱོགས་གྲོང་ཚོའི་ཁང་ཟུར་ཞིང་པའི་བཞོན་མ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ཡང་བཙུགས་པ་རེད།
ད་ཆ་ཉི་མ་ཚེ་རིང་སྒེར་གྱི་བཅོལ་དངུལ་སྒོར་ཁྲི་100ལྷག་ཙམ་ཟིན་པ་དང་། ཁོང་རང་ཉིད་ཕྱུག་པོ་ཆགས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་མི་མང་པོ་ཞིག་ལ་སྐུལ་ལྕག་བྱས་ཡོད། དབུལ་སྒྲོལ་ཐུབ་པའི་བསམ་ཚུལ་རང་འགུལ་ངང་ལག་ལེན་དུ་གྱུར་པར་བྱས་ཚེ་དཀའ་ངལ་ཇི་ཙམ་ཆེ་ཡང་འཚོ་བ་འཁྱོལ་ཐུབ་ངེས་ཡིན་པ་གྲོང་མི་ཚོས་ཤེས་རྟོགས་ཐུབ་ཡོད། དེ་རྗེས་མི་མང་པོ་ཞིག་གིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་ལ་དབུལ་སྒྲོལ་གྱི་རེ་ཞུའི་ཡི་གེ་བསྐྱལ་བ་རེད།
འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ནས་གྲོང་མི་ཚོའི་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་དགོས་མཁོ་ཇེ་ཆེར་ཕྱིན་ཡོད། ཚང་མར་གྲོང་དོན་ལ་དམངས་གཙོའི་དོ་དམ་བྱེད་པར་ཁྲིད་སྟོན་བྱས་ཏེ་རིམ་བཞིན་གྲོང་སྲོལ་ལེགས་སུ་འགྱུར་བ་བྱེད་པ་ནི་ཤར་ཕྱོགས་གྲོང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་སུ་གྱུར་ཡོད།
ཕུར་བུ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར། གྲོང་མི་སྒྲིག་ལམ་གཏན་འཁེལ་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་བརྒྱུད། ཐ་མག་གཅོད་པ་དང་ཚོད་འཛིན་བྱེད་པ་དང་། གད་སྙིགས་གང་བྱུང་དུ་མི་དབྱུག་པ། འཕྲོད་བསྟེན་ལ་སྣང་ཆེན་སོགས་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་གྲོང་མི་ཚོས་ཕན་ཚུན་ལྟ་སྐུལ་དང་བརྩི་སྲུང་ནན་པོ་བྱེད་ཀྱི་ཡོད།
ཤར་ཕྱོགས་གྲོང་ཚོ་ནི་གངས་ལྗོངས་ས་མཐོའི་ཤེས་དཔལ་ལྡན་པའི་གྲོང་གསེབ་སྐྲུན་པའི་བསྡུས་རིས་ཤིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་ས་གནས་ཁག་གི་གྲོང་གསེབ་ཀྱིས་ཤེས་དཔལ་གྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་སྐྱེད་སྲིང་ལ་སྣང་ཆེན་བྱས་པས་གྲོང་གསེབ་རིག་གནས་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་གྲོང་ཚོ་དང་། སྣོད་བཅུད་ཤེས་དཔལ་གྲོང་ཚོ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སོགས་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་ཟམ་མི་ཆད་པར་ཐོན་ཡོད་པ་རེད།