ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱ་རྡོ་གྲོང་ཚོར་ཡུལ་མི་ཚོ་རྟག་ཏུ་འགྲོ་བའི་ས་ཆ་ཞིག་ཡོད། དེ་གར་ཚང་མས་ཇ་བཏུངས་ནས་བསྡད་ཆོག་པ་མ་ཟད། ད་དུང་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཀྱང་ཉོ་ཆོག ས་ཆ་དེ་ནི་རྒྱ་རྡོ་གྲོང་ཚོའི་ཚོགས་ཆུང་དང་པོའི་བསོད་ནམས་གཡང་སྐྱིད་ཀྱི་ཇ་ཁང་དང་རྩག་རྩིག་ཚོང་ཁང་གཅིག་སྡུད་ཀྱི་ཟ་ཁང་རེད། ཚང་མས་ཟ་ཁང་དེར“ལ་དར་ཁྱིམ”ཞེས་འབོད་ཀྱི་ཡོད།
“ལ་དར་ཁྱིམ”གྱི་ཚོང་ཧ་ཅང་ཡག་པོ་ཡོད་པས། 2019ལོར་བསོད་ནམས་གཡང་སྐྱིད་ལ་ཡོང་འབབ་སྒོར་ཁྲི་5བྱུང་ནས་འབྱོར་འབྲིང་གི་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་ལོ་5ཡི་གོང་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ཁོ་མོའི་བསམ་བློར་ཡང་འཁོར་མྱོང་མེད།
2015ལོར་ཁོ་མོ་གཅིག་པུས་ཕྲུ་གུ་གཉིས་གསོ་དགོས་པས་ཐོན་སྐྱེད་རྒྱུ་ཆ་དང་ངལ་ནུས་མི་འདང་བའི་རྐྱེན་གྱིས་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། 2018ལོར་དབུལ་སྒྲོལ་བྱེད་འདོད་པའི་བསོད་ནམས་གཡང་སྐྱིད་ཀྱིས་གྲོང་ཚོའི་ཨུ་ལྷན་བཙལ་ནས་གྲོང་ཚོ་ཨུ་ལྷན་གྱི་གནས་ས་ཡག་པོ་དེ་གཡར་ནས་ཇ་ཁང་ཞིག་གཉེར་འདོད་པའི་བསམ་ཚུལ་བརྗོད། བསོད་ནམས་གཡང་སྐྱིད་ཀྱི་བསམ་ཚུལ་དེ་ཉན་རྗེས་རྒྱ་རྡོ་གྲོང་ཚོའི་ཨུ་ལྷན་གྱིས་ཟླ་རེར་བོགས་དངུལ་སྒོར་500བྱས་ནས་རྒྱ་ཁྱོན་སྨི་ངོས་གྲུ་110ལྷག་ཙམ་ཟིན་པའི་ཁང་པ་དེ་ཁོང་ལ་བོགས་མར་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།
དེ་ནས་བཟུང་བསོད་ནམས་གཡང་སྐྱིད་ཀྱིས་དཀའ་བ་སྤྱད་དེ་བསགས་པའི་སྒོར་ཁྲི་3དང་གྲོང་ཚོ་ཨུ་ལྷན་གྱིས་ཁོ་མོར་གཡར་བའི་སྒོར་ཁྲི་3སྤྱད་དེ་ཇ་ཁང་དང་རྩག་རྩིག་ཚོང་ཁང་གཉེར་སྐྱོང་བྱེད་འགོ་བཙུགས། བརྩོན་འགྲུས་ཅན་ལ་སླུ་བ་མེད་ཅེས་པའི་དཔེ་ལྟར། བསོད་ནམས་གཡང་སྐྱིད་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་གཉེར་སྐྱོང་བྱས་པ་བརྒྱུད་ཁོང་གི་ཇ་ཁང་དང་རྩག་རྩིག་ཚོང་ཁང་གི་ཚོང་ཇེ་ཡག་ཏུ་ཕྱིན་ཏེ་2019ལོར་ཡོང་འབབ་སྒོར་ཁྲི་5བྱུང་ཡོད། རང་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ན་ཡང་། ཁོ་མོ་དཀའ་ངལ་འཕྲད་པའི་སྐབས་སུ་མི་གཞན་གྱིས་རོགས་རམ་བྱས་པ་ཁོང་གིས་གཏན་ནས་བརྗེད་མེད། དེ་ནས་2019ལོའི་ལོ་མཇུག་ཏུ་ཁོང་གིས་སྲིང་བལ་གྱི་ཉལ་ཆས་དང་། གྱོན་ཆས། ལྷམ་སོགས་སྒོར་ཁྲི་1.1རི་བའི་ཅ་དངོས་ཉོས་ནས་གྲོང་ཚོའི་ཆ་རྐྱེན་ཅུང་ཞན་པའི་དུད་ཚང་དབུལ་པོ་15ལ་སྤྲད་པ་དང་ཁོ་ཚོར་འབབ་འཕར་གྱི་ཐབས་ལམ་གང་མགྱོགས་བཙལ་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྔ་ཙམ་ཕྱུག་པོ་ཆགས་ཐུབ་པར་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།
བསོད་ནམས་གཡང་སྐྱིད་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་རོགས་རམ་འོག བློ་རྩ་བརྟན་པོ་དང་ཏན་ཏན་ཏིག་ཏིག་གི་རྣམ་འགྱུར་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད། ལས་ལ་བརྩོན་པའི་ལག་གཉིས། དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་རྩྭ་ཐང་གི་བུད་མེད་ཚོས་འཚོ་བར་འཛིན་པའི་རྣམ་འགྱུར་གསལ་བཤད་གང་ལེགས་བྱས་ཡོད་ལ། གོམ་པ་རེ་རེ་བཞིན་དབུལ་པོའི་གནས་ལས་བསྒྲལ་བ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། ད་ཆ་ཁོ་མོར་ཕྲུ་གུ་གཉིས་གསོ་སྐྱོང་གི་ནུས་པ་ཡོད་པ་མ་ཟད། ད་དུང་སྐད་གྲགས་ཆོད་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད། ཁོང་གི་གཏམ་རྒྱུད་ལས་ཉེ་འཁོར་གྱི་གྲོང་མི་མི་ཉུང་བ་ཞིག་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱིས་རེ་འདོད་བྱེད་པའི་འཚོ་བ་བརྩོན་ལེན་བྱེད་པར་སྐུལ་མ་ཐེབས་ཡོད།