དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་བཟང་། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-25

    མིག་སྔར། རྒྱལ་རྩེ་ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིར་ལས་མི་རྣམས་བྲེལ་བ་ཆེན་པོ་ཡོད་ཅིང་། འགྱིག་ཤོག་དྲོད་ཁང་ཆེ་མོ་རེ་རེའི་ནང་ལས་མི་བཅུ་གྲངས་ཀྱིས་ལུད་རྒྱག་པ་དང་ཆུ་གཏོང་བ་སོགས་བྱེད་པ་དང་། འགྱིག་ཤོག་དྲོད་ཁང་ཆེ་མོའི་ཕྱི་རོལ་དུ་ལས་མི་ཚོས་གླ་ཚེར་གྱི་སྡོང་ཕྲུག་ཟོག་འདྲེན་རླངས་འཁོར་ནང་བླུག་བཞིན་འདུག

    ད་ལྟ་དབོར་གྲབས་ཡོད་པའི་སྡོང་ཕྲུག་དག་ནི་ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་རྫས་གཙོ་བོ་སྟེ་རྒྱལ་རྩེའི་གླ་ཚེར་ཡིན་པ་དང་། ད་ཐེངས་དེ་དག་ཚོང་ཡུལ་ནི་མངའ་རིས་ས་ཁུལ་རེད།

    རྒྱལ་རྩེའི་གླ་ཚེར་ནི་བོད་རང་དུ་སྐྱེས་པའི་ཤིང་རིགས་ཤིག་ཡིན་པ་དེར་གསོན་ཤུགས་ཆེན་པོ་ལྡན་པ་དང་། གྲང་ངར་ཐེག་ཐུབ་པ། ཐན་པ་ཐེག་ཐུབ་པ། གསོན་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ས་བབ་མཐོ་བའི་ས་ཁུལ་དུ་འདེབས་རྒྱུར་འཚམ་པ་མ་ཟད། རླུང་འགོག་བྱེ་འཇགས་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་ཆེ་བ་བཅས་ལས་སྣོད་བཅུད་ཀྱི་ཕན་འབྲས་ཧ་ཅང་བཟང་པོ་ཐོན་གྱི་ཡོད།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སི་སྟེ། དེ་སྔའི་རྒྱལ་རྩེ་གླ་ཚེར་སྡོང་ཕྲུག་རྟེན་གཞིས་གཞི་ཁྱོན་ཆུང་བའི་སྡོང་ཕྲུག་འདེབས་ཀྱི་ཡོད། མ་གཞི་ལོ་བཅུ་གྲངས་ཀྱི་སྡོང་ཕྲུག་འདེབས་པའི་ཉམས་མྱོང་ཡོད་མོད། འོན་ཀྱང་མ་དངུལ་དང་མི་སྣ་ཁ་ཐང་བའི་རྐྱེན་གྱིས་རྒྱལ་རྩེའི་གླ་ཚེར་གྱི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད།

    “སྐབས་དེ་དུས་སྡོང་ཕྲུག་རྟེན་གཞི་ཆུང་ཆུང་ཞིག་ནང་ལག་རྩལ་མི་སྣ་3དང་སྤྱི་ཕན་ལས་གནས་ཀྱི་ལས་མི་ཁ་ཤས་ལས་མེད། སྐྱེས་པའི་ཤིང་རིགས་ཀྱང་ཉེ་འཁོར་གྱི་རྫོང་གྲོང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད་པས། མ་དངུལ་གཏོང་ཤུགས་དང་གཉེར་སྐྱོང་ཡོང་འབབ་ལ་ཁྱད་པར་མེད་རྐྱེན་ཕན་འབྲས་ཐོན་རྒྱུ་སྤྲོས་བྲལ་རེད”ཅེས་རྒྱལ་རྩེ་རྫོང་ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་བསྟར་ཏུང་ཧྲེ་ཀྲང་སྤེན་པ་ཚེ་རིང་གིས་གསར་འགོད་པར་བརྗོད།

    གང་འདྲ་བྱས་ནས་རྒྱལ་རྩེའི་གླ་ཚེར་ཡུལ་གཞན་དུ་ཕྱིར་ཚོང་བྱས་ཏེ། མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་རྒྱུ་ནི། སྤེན་པ་ཚེ་རིང་གིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་ཚོགས་ཆུང་རྒྱལ་རྩེ་རྫོང་གི་གླ་ཚེར་སྡོང་གསོའི་རྟེན་གཞིར་བརྟག་ཞིབ་བྱེད་པར་སྔ་རྗེས་སུ་མངགས་ནས། གླ་ཚེར་སྡོང་ཕྲུག་འདེབས་དགོས་པའི་བླང་བྱ་བཏོན།

    2016ལོའི་ལོ་མཇུག་ཏུ། རྒྱལ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒྱལ་རྩེའི་གླ་ཚེར་མུའུ་ཁྲིའི་སྡོང་གསོའི་རྟེན་གཞི་འཛུགས་སྐྲུན་གྱི་འཆར་འགོད་བཏིང་ནས“རྒྱལ་རྩེའི་གླ་ཚེར”གྱི་སྤུས་རྟགས་བཏོད་ཡོད།

    2017ལོར། རྒྱལ་རྩེ་རྫོང་གིས་རྒྱལ་ཁབ་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་3000བརྩོན་ལེན་བྱས་ཡོད།

    2018ལོར། རྒྱལ་རྩེ་རྫོང་གིས་སྡོང་ཕྲུག་གི་འགྱིག་ཤོག་དྲོད་ཁང་ཆེ་མོ་སྐྲུན་འགོ་བཙུགས་ནས་སྔ་རྗེས་སུ་སྡོང་ཕྲུག་འགྱིག་ཤོག་དྲོད་ཁང་ཆེ་མོ་30བསྐྲུན་ཏེ་སྡོང་ཕྲུག་རྐང་ཁྲི་150གསོས་ཡོད།

    དོ་དམ་གྱི་ཆུ་ཚད་མཐོ་རུ་དང་ཐོན་སྐྱེད་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད། འདི་ལོའི་ཟླ་6པར་རྒྱལ་རྩེ་རྫོང་ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།

    དེ་རྗེས་ཀུང་སིས་རྒྱལ་རྩེ་གྲོང་རྡལ་དང་། ལྕང་ར་ཤང་། གཙང་ཁ་ཤང་སོགས་ཤང་དང་གྲོང་རྡལ་8ཀྱི་སྲིད་འཛིན་གྲོང་ཚོ་11གི་དུད་ཚང་315ཡི་མང་ཚོགས་1106ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ཁྱབ་ཁོངས་སུ་བཅུག

    2018ལོ་ཁོ་ནར། སྡོང་གསོའི་ཀུང་སིར་ལས་ཀ་བྱེད་མཁན་རྒྱལ་རྩེ་རྫོང་གི་མང་ཚོགས་100ལྷག་ཙམ་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2300བྱུང་ཡོད། ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིས་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། རྫོང་ཁོངས་སུ་གླ་ཚེར་འདེབས་གསོའི་ཁྱབ་འགྱེད་ས་ཚིགས་བཙུགས་པ་རེད།

    2019ལོར་། ཀུང་སིས་རྒྱལ་རྩེ་རྫོང་མཁར་སྡོད་ཤང་དང་སྡོང་ཕྲུག་འདེབས་གསོའི་གན་རྒྱ་བཞག་སྟེ། ཤང་དེའི་བེད་མེད་འགྱིག་ཤོག་དྲོད་ཁང་ཆེ་མོ་48ཀྱི་ནང་གླ་ཚེར་བཏབ་པ་མ་ཟད། ད་དུང་ཀུང་སིས་གླ་ཚེར་ཤིང་སོན་དང་དོ་དམ་ལག་རྩལ་རིན་མེད་ངང་མཁོ་འདོན་བྱས་པ་དང་། སྡོང་ཕྲུག་འདེབས་གསོ་ལེགས་གྲུབ་བྱུང་རྗེས་ཀུང་སིས་ཁྲོམ་རའི་རིན་གོང་ལྟར་གཅིག་གྱུར་ཉོ་སྒྲུབ་བྱས་ཡོད།

    འདི་ལོ་ཀུང་སིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་བེད་མེད་འགྱིག་ཤོག་དྲོད་ཁང་ཆེ་མོའི་བདག་པོ་དང་གན་རྒྱ་བཞག་སྟེ། དེ་སྔའི་འགྱིག་ཤོག་དྲོད་ཁང་ཆེ་མོ་80ཡོད་པ་ནས་116བར་མང་དུ་བཏང་སྟེ་མང་ཚོགས་240ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་4000ཙམ་བྱུང་ཡོད།

    ཚེ་རིང་ཕུན་ཚོགས་ནི་རྒྱལ་རྩེ་རྫོང་རྒྱང་དཀར་སྒང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་དབུལ་པོ་ཞིག་ཡིན་ཞིང་། 2019ལོའི་གོང་དུ། ཁོང་གིས་ཕྱིར་ཉིན་གླ་རྒྱུག་སྟེ་འཚོ་བ་སྐྱེལ་གྱི་ཡོད། རྒྱུན་གཏན་གྱི་འགྲོ་སོང་དང་ཁང་གླ་ཕུད་ལོ་གཅིག་ལ་ཡོང་འབབ་སྒོར་2000ཙམ་ལས་མེད།

    2019ལོར། ཚེ་རིང་ཕུན་ཚོགས་ཆོས་ལུང་སྣོད་བཅུད་ལྗང་མདོག་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིར་གླ་པ་བྱས་ནས། སྡོང་ཕྲུག་ལ་ཆུ་རྒྱག་པ་དང་རྩྭ་སྤོས་རྒྱག་པ་སོགས་ཀྱི་ལས་ཀའི་འགན་ཁུར་བ་དང་། ཉིན་རེར་གླ་ཆ་སྒོར་140ཡོད་པས་ལོ་གཅིག་ལ་གླ་ཆའི་ཡོང་འབབ་སྒོར་ཁྲི་5ཙམ་ཡོད།

    མིག་སྔར་རྒྱལ་རྩེའི་གླ་ཚེར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)18དང་དེ་བཞིན། མངའ་རིས་དང་། ལྷོ་ཁ། ལྷ་ས་སོགས་ཀྱི་ས་ཁུལ་དང་གྲོང་ཁྱེར་ལ་ཕྱིར་ཚོང་བྱེད་ཅིང་། 2019ལོ་ཁོ་ནར་གླ་ཚེར་གྱི་སྡོང་ཕྲུག་ཕྱིར་ཚོང་བྱེད་ཚད་རྐང་ཁྲི་258ལྷག་ཙམ་ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།