དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་བཞི་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-24

    དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་ནན་པོ་བྱས་ཏེ་སྒྲིག་ཁྲིམས་སྒྲིག་ལམ་སྔར་བས་ནན་དུ་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་བཞི་བརྡ་ཁྱབ་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་དགོས་པའི་ལས་མ་བྱས་པའི་དབང་གིས་མཐའ་མགོ་གྲོང་ཚོའི་དུད་ཚང་13གྱི་ས་ཆ་བསྡུས་པའི་གུན་གསབ་དངུལ་དུས་ཐོག་ཏུ་མ་སྤྲད་པ་སོགས་ཀྱི་གནད་དོན་སྐོར། 2016ལོའི་ཟླ་8པར་འབྲི་རུ་རྫོང་ཚ་ཆུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གཞི་རྩའི་འཛུགས་སྐྲུན་འགྲོ་ལུགས་མ་གཉེར་བ་དང་། འཛུགས་སྐྲུན་ས་ཆ་ལེན་པའི་ཆོག་འཁྲོལ་མ་ཐོབ་པ། མ་དངུལ་ཡོང་ཁུངས་གང་ཡང་མེད་པ་བཅས་ཀྱི་གནས་ཚུལ་འོག་ཚ་ཆུ་ཤང་མཐའ་མགོ་གྲོང་ཚོའི་དུད་ཚང་13གྱི་ས་ཆ་སྒྲིག་འགལ་ངང་བསྡུས་ཏེ་ཚ་ཆུ་ཤང་ཚོང་ལས་ཁྲོམ་གཞུང་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་པ་མ་ཟད། ད་དུང་ས་ཆ་བསྡུས་པའི་གུན་གསབ་དངུལ་སྒོར་ཁྲི་17.44དུས་ཐོག་ཏུ་མ་སྤྲད་པ་རེད། 2020ལོའི་ཟླ་1པོར་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”སྐབས་སུ་གནད་དོན་ཐེར་འདོན་བྱས་རྗེས། གཞི་ནས་གུན་གསབ་དངུལ་སྤྲད་པ་རེད། གོང་དུ་བརྗོད་པའི་གནད་དོན་ཐད་ཚ་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་རྣམ་རྒྱལ་དང་། དེ་དུས་ཀྱི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་དཔའ་རྒྱལ་རྡོ་རྗེར་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད། 2020ལོའི་ཟླ་4པར་དཔའ་རྒྱལ་རྡོ་རྗེར་བསླབ་འདོམས་སྐུལ་ལྕག་གཏོང་བའི་ཆད་པ་ཕོག་པ་དང་། 2020ལོའི་ཟླ་5པར་སྐལ་བཟང་རྣམ་རྒྱལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་དོན་ཆེན་དབང་འདུས་ཀྱིས་དགོས་པའི་ལས་མི་བྱེད་པ་དང་ལས་ཀ་ནར་འགྱངས་བྱས་པའི་དབང་གིས་དབུལ་སྐྱོར་མ་དངུལ་ནར་འགྱངས་བྱས་པའི་གནད་དོན་སྐོར། 2017ལོའི་ཟླ་10པར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མི་སྡོད་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། དོན་ཆེན་དབང་འདུས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཆས་ཉོ་བའི་ཁ་གསབ་དངུལ་སྒོར་ཁྲི་2.63དུས་ཐོག་ཏུ་རྩིས་ཞུ་མ་བྱས་པར་ནར་འགྱངས་ཟླ་11ཙམ་བྱས་པ་རེད། 2017ལོའི་ཟླ་12པར་གསུམ་འཛོམས་གྲོང་རྡལ་གྱིས་གནད་སྨིན་དབུལ་སྐྱོར་དུད་ཚང་གི་ཁྱིམ་ཚང་མགྲོན་ཁང་དང་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། དོན་ཆེན་དབང་འདུས་ཀྱིས་སྒོར་ཁྲི་10ཟིན་པའི་དངུལ་འཛིན་ཞིག་བརླགས་ནས་དངུལ་མ་སྤྲད་པར་ལོ་གཅིག་དང་ཟླ་བ་བདུན་ནར་འགྱངས་བྱས་ཡོད། 2020ལོའི་ཟླ་1པོར་དོན་ཆེན་དབང་འདུས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་སྨན་ཕུ་ཤང་གུ་མཚོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དབུལ་སྐྱོར་སྣོད་བཅུད་ལས་གནས་ཀྱི་མ་དངུལ་རང་དགར་ཆ་བགོས་བརྒྱབ་པའི་གནད་དོན་སྐོར། 2019ལོར་གཉའ་ནང་རྫོང་སྨན་ཕུ་ཤང་གུ་མཚོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཤང་ཏང་ཨུད་དང་སྲིད་གཞུང་ལ་དགོངས་སྐོར་མ་ཞུས་པར་གྲོང་ཚོ་དེའི་དུད་ཚང་57གྱི་སྣོད་བཅུད་ལས་གནས་ཀྱི་མ་དངུལ་སྒོར་ཁྲི་44.8རང་དགར་བླངས་ཁར། སྒོར་ཁྲི་44.61གྲོང་ཚོ་ཡོངས་ཀྱི་མི་378ལ་ཆ་བགོས་བྱས་པ་དང་ལྷག་མ་སྒོར་ཁྲི་0.19གྲོང་ཚོའི་འགྲོ་སོང་གཞན་དག་ལ་སྤྱད་པ་རེད། གོང་དུ་བརྗོད་པའི་གནད་དོན་ཐད་གུ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་དབང་རིག་འཛིན་ལ་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མིག་དམར་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཆེན་པོ་ཡོད། དེ་དང་ཆབས་ཅིག་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་གྱིས་ལྟ་སྐུལ་ལས་འགན་ཡག་པོ་ཁུར་མེད་པའི་འགན་འཁྲི་ཡོད། 2020ལོའི་ཟླ་4པར་ཚེ་དབང་རིག་འཛིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། མིག་དམར་དང་ཚེ་བརྟན་ལ་བསླབ་འདོམས་སྐུལ་ལྕག་གཏོང་བའི་ཆད་པ་ཕོག་པ་རེད། སྒྲིག་འགལ་མ་དངུལ་ཚང་མ་ཚུར་བསྡུས་ནས་ཡང་བསྐྱར་གྲངས་ཚང་སྤྲད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཁར་ལུང་ཤང་ཏང་ཨུད་ཀྱིས་དབུལ་སྐྱོར་སྲིད་ཇུས་རང་དགར་འགྱུར་ལྡོག་བཏང་བའི་གནད་དོན་སྐོར། 2015ལོའི་ཟླ་5པར་སྣ་དཀར་རྩེ་རྫོང་མཁར་ལུང་ཤང་ཏང་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་བརྒྱུད། སྣ་དཀར་རྩེ་རྫོང་བདེ་སྡོད་གཞུང་ལས་ཁང་གི“དུད་ཚང་དབུལ་པོའི་བདེ་སྡོད་ཁ་གསབ་དུད་ཚང་རེར་སྒོར་ཁྲི་2.5སྤྲོད་པ་དང་གྲོང་ཚོའི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཁ་གསབ་དུད་ཚང་རེར་སྒོར་ཁྲི་1.5སྤྲོད་པའི”གཏན་འབེབས་དེ་རང་དགར“ཁང་པ་གསར་སྐྲུན་དང་། བསྐྱར་སྐྲུན། ཉམས་བཟོ་བཅས་ཀྱི་ཁ་གསབ་དུད་ཚང་རེར་སྒོར་ཁྲི་2སྤྲོད་པ་དང་ས་ཆ་གཞན་དུ་ཁང་པ་ཉོ་བའམ་ཡང་ན་ཁང་པ་རྒྱག་པར་ཁ་གསབ་དུད་ཚང་རེར་སྒོར་ཁྲི་1སྤྲོད་པ”ལ་བཅོས་ནས་དུད་ཚང་6གི་མང་ཚོགས་ལ་བདེ་སྡོད་ལས་གྲྭའི་ཁ་གསབ་དངུལ་སྒོར་ཁྲི་6ཐོལ་པ་སྤྲད་པ་དང་། ཞིབ་དཔྱད་དམ་འཛིན་ནན་པོ་མ་བྱས་པའི་དབང་གིས་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་མེད་པའི་དུད་ཚང་2ལ་སྒོར་ཁྲི་3སྤྲད་ཡོད། གོང་དུ་བརྗོད་པའི་གནད་དོན་ཐད་དེ་དུས་ཀྱི་མཁར་ལུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་དབྱངས་ལྡན(གྱོད་གཞི་ལོགས་བཀར་ཐག་གཅོད)དང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཧོ་པིན་ལ་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད། 2020ལོའི་ཟླ་4པར་ཧོ་པིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    བརྡ་ཁྱབ་ནང་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ། གཞི་རིམ་དུ་ལྷག་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བ་སོགས་ཀྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཧུར་ཐག་བྱེད་པ་དང་། ངར་ཤུགས་གཅིག་སྒྲིམ་དང་། ནུས་ཤུགས་ཡོད་ཚད་འདོན་པ། གནད་སྨིན་ཇུས་བསྟར་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལས་རིགས་ཁག་གི་སྡེ་ཚན་ལ་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་ཏན་ཏིག་འཁུར་རྒྱུའི་ལྟ་སྐུལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་རང་སྡེ་ཚན་དང་ཁྱབ་ཁོངས་དང་འབྲེལ་བའི་གནད་དོན་མངོན་གསལ་དོད་པོ་དང་ཉམས་ཞན་ལྷུ་ཚིགས་ལ་བརྟག་ཞིབ་གཏིང་ཟབ་དང་འགག་རྩ་རྙེད་པར་བྱས་ནས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་རྗེས་དང་དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྐོག་རྔན་བཟས་པ་དང་། ཧམ་བཟུང་བྱས་པ། རྫུན་ཞུ་བྱས་པ། བརྫུས་ལེན་བྱས་པ། ཟ་ལེན་བཀག་འཕྲོག་བྱས་པ། གཉེན་གྲོགས་ལ་ལྟ་སྐྱོང་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་ཐད་ཕྱི་ཚུལ་ཙམ་བྱས་པ་དང་། རྒྱས་སྤྲོས་འཕྲོག་བརླག་བཏང་བ། གཡོ་ཟོལ་བྱས་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱིས་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།