དབུ་ཤོག>ཆེད་སྒྲིག
  • གྲོ་མོའི་ཉ་ལས་འཕེལ་རྒྱས་བཏང་། ཕྱུག་པོའི་ལམ་དུ་རིམ་བཞིན་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-22

    ཧི་མ་ལ་ཡའི་རི་རྒྱུད་ཀྱི་དུམ་བུ་དབུས་མར་གནས་པའི་གྲོ་མོ་རྫོང་དུ་གངས་རིའི་བཞུར་ཆུ་དང་། ཆུ་མིག རི་བོའི་བྲག་གསེབ་ནས་བཞུར་བའི་ས་འོག་ཆུ་སོགས་དྭངས་ཞིང་གཙང་བའི་ཆུ་ཕྲན་གཅིག་དུ་འདུས་ཤིང་། ཆུ་ཕྲན་དེ་མདོང་ལམ་བརྒྱུད་གསོ་སྤེལ་གྱི་རྫིང་བུར་དྲངས་བ་ལས་རྫིང་བུའི་ནང་གི་ཉ་མོ་འཁྱུག་བགྲོས་བྱེད་པའི་རྣམ་པ་ཤིན་ཏུ་མཛེས།

    དེ་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོའི་ཉ་གསོ་སྤེལ་གྱི་རྣམ་པ་ཞིག་ཡིན་ཞིང་། གྲོ་མོའི་ཉས་གྲོ་མོ་རྫོང་གི་དབུལ་སྐྱོར་ཐོན་ལས་ཀྱི་གསོན་ཤུགས་འཕེལ་ཡོད། ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་གིས་སྣོད་བཅུད་སྲུང་སྐྱོང་ལ་དམིགས་ཏེ་རི་ཆུ་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། གྲོ་མོའི་ཉའི་སྣོད་བཅུད་གསོ་སྤེལ་ཐོན་ལས་ལ་བརྟེན་པ། སྣོད་བཅུད་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲོ་མོའི་ཉ་དེ་གྲོ་མོ་རྫོང་གི་ཐོན་ལས་ཡག་པོ་ཞིག་ཏུ་ཇི་འདྲ་བྱས་ཏེ་གྱུར་པ་ཡིན་ནམ།

    གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཁྲེང་ཁུན་གྱིས་གསར་འགོད་པར་གྲོ་མོ་རྫོང་གི་ཐབས་མཆོག་ནི་སྣོད་བཅུད་སྲུང་སྐྱོང་དང་ཐོན་ཁུངས་གསར་སྤེལ་དབར་གྱི་འབྲེལ་བ་དོ་སྙོམས་ཡོང་བ་བྱེད་པའི་རྨང་གཞིའི་ཐོག སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་གྱི་འདུ་ཤེས་ལ་བརྟེན་ནས་རི་ཆུ་ཡག་པོ་དང་ལེགས་ཆ་ལྡན་པའི་ཐོན་ཁུངས་དེ་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཐོན་པའི་རིན་བྲལ་མཆོག་ནོར་ཞིག་ཏུ་གྱུར་པར་བྱས་པ་དེ་ཡིན་ཞེས་བརྗོད།

    1992ལོར་གྲོ་མོའི་ཉ་དེ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་གཙོ་གནད་ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་གྲས་སུ་བཅུག་པ་དང་དུས་མཚུངས། སྲིད་གཞུང་གི་ཁྲིད་སྟོན་འོག་ས་གནས་དེ་གའི་ཞིང་འབྲོག་པས་མི་ཐབས་ལ་བརྟེན་ནས་གྲོ་མོའི་ཉ་ཚོད་ལྟ་བྱས་ནས་གསོ་འགོ་ཚུགས། དེ་ནས་རྩ་ཆེའི་ཐོན་ཁུངས་དེར་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་འོས་འཚམ་དང་ལུགས་མཐུན་གྱིས་གསར་སྤེལ་ཡང་བྱས་པ་རེད།

    2015ལོར་གྲོ་མོ་རྫོང་སྲིད་གཞུང་དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱིས་མཉམ་ལས་བྱས་ཏེ་གྲོ་མོའི་ཉའི་ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་བཙུགས།

    2017ལོར་གྲོ་མོའི་སྣོད་བཅུད་ཐོན་ལས་གླིང་སྐྲུན་འགོ་ཚུགས་ནས་འདི་ལོའི་ཟླ་དང་པོར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། གྲོ་མོ་མ་ཆུའི་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིས་གླིང་ཁུལ་གྱི་འཁོར་རྒྱུག་ལས་སྒོའི་འགན་འཁུར་གྱི་ཡོད་ལ། བོད་ལྗོངས་ཀོ་ཧྥུང་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིས་སྤུས་རྟགས་དྲིལ་བསྒྲགས་དང་། གྲང་འདྲེན། ཕྱིར་ཚོང་། ཐོན་རྫས་གསར་སྤེལ་སོགས་ཁྲོམ་རའི་འཁོར་རྒྱུག་ལས་སྒོའི་འགན་འཁུར་གྱི་ཡོད།ད་ཆ། གྲོ་མོ་རྫོང་དུ“ཐོན་ལས་གླིང་1+ཆམ་བིའི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་1+མཉམ་ལས་ཁང་གི་གསོ་སྤེལ་རྟེན་གཞི་4+ཉ་རྫིང་46”བཅས་ཀྱི་གྲོ་མོའི་ཉ་གསོ་སྤེལ་ཐོན་ལས་ཀྱི་གྲུབ་ཆ་ཞིག་ཆགས་ཡོད་པ་དང་། མི་ཐབས་ལ་བརྟེན་ནས་གྲོ་མོའི་ཉ་གསོ་སྤེལ་དང་། གསོ་ཚགས། གྲང་ཕྲེང་སྐྱེལ་འདྲེན། དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་བཅས་ཀྱི་ཆ་ཚང་བའི་ཐོན་ལས་སྦྲེལ་ཐག་གཅིག་ཀྱང་རགས་ཙམ་ཆགས་ནས་གྲོ་མོ་རྫོང་གི་ཤང་དང་གྲོང་རྡལ་3གྱི་དུད་ཚང་857གྱི་མི་2321ལ་འབབ་འཕར་བྱུང་ཡོད། གཞན་ཡང་གྲོ་མོ་རྫོང་གི་ལོ་ལྟར་གྲོ་མོའི་ཉ་འཚོ་ཡུལ་དུ་ཉ་ཕྲུག་ཁྲི་3ཡན་གློད་ནས་སྣོད་བཅུད་ཐོན་ཁུངས་འཁོར་རྒྱུག་ཡག་པོ་ཡོང་ཐབས་བྱེད་ཀྱི་ཡོད།

    གྲོ་མོ་ཤང་གི་མ་ཆུ་གཙང་པོའི་ཁྱོན་སྒོར་དུང་ཕྱུར་2.5ལྷག་ཙམ་བཏང་བའི་དེང་རབས་ཅན་གྱི་ཐོན་ལས་གླིང་དུ་ཆེས་ཐོག་མར་མིག་ལམ་དུ་མངོན་པ་ནི་རིག་ནུས་འཁོར་རྒྱུག་ཅན་གྱི་གྲོ་མོའི་ཉའི་ཉ་ཕྲུག་སྐྱོང་གསོ་ཁང་རེད། ལས་གོས་སྔོན་པོ་གྱོན་པའི་ལས་མི་ཚོ་དེའི་ནང་ལས་ཀར་བྲེལ་ཞིང་། ལ་ལས་ཉ་རྫིང་ལ་དུག་སེལ་བྱེད་པ་དང་། ལ་ལས་སྒྲིག་ཆས་བཀོལ་སྤྱོད་བྱེད་པ། ལ་ལས་འཚོང་ཉར་རྩིས་རྒྱག་བཞིན་ཡོད།

    བོད་ལྗོངས་ཀོ་ཧྥེང་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མགོན་པོས་གླིང་གིས་ས་གནས་དེ་གའི་གྲོང་མི་29ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་བཀོད་སྒྲིག་བྱས་པ་དང་། མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འདི་ལོ་ལོ་28ལ་སླེབས་པའི་བསྟན་འཛིན་ལྷ་རྒྱལ་ནི་གྲོ་མོ་ཤང་གི་གྲོང་མི་ཡིན་པ་དང་། 2015ལོར་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱིས་སྒྲིག་འཛུགས་བྱས་པའི་ཆུ་ཐོན་གསོ་སྤེལ་གསོ་སྦྱོང་ནང་ཞུགས་ཤིང་། ད་ཆ་ཉ་གསོ་མཁན་འཇོན་པོ་ཞིག་ཏུ་གྱུར་ཡོད། “འགན་སྲུང་ལྔ་དང་མ་དངུལ་གཅིག་ཕུད། ངའི་ཟླ་རེའི་གླ་ཕོགས་སྒོར་4000ལྷག་ཙམ་ཡོད་པ་མ་ཟད། ད་དུང་ཉ་གསོ་བའི་ལག་རྩལ་མང་པོ་ཤེས་བྱུང་། ཉིན་ལྟར་གློག་འཁོར་སྦག་སྦག་བཏང་ནས་ལས་ཀར་བསྐྱོད་ན་སྟབས་བདེ་པོ་འདུག་ལ་རྒན་རྒོན་དང་བྱིས་པར་ཡང་ལྟ་རྟོག་ཐུབ་ཀྱི་འདུག”ཅེས་བསྟན་འཛིན་ལྷ་རྒྱལ་གྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་གསར་འགོད་པར་བརྗོད།

    “ང་ཚོས‘ཐོན་སྐྱེད་འཕེལ་རྒྱས་དང་། སྣོད་བཅུད་བཟང་བ། འཚོ་བ་འབྱོར་ཕྱུག’བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། འབད་བརྩོན་བྱེད་པ་ནི་ལངས་གཟུགས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་པོ་སྐྲུན་པ་དང་། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བའི་ཆེད་དུ་ཡིན”གོམ་སྟབས་རྗེས་མའི་འཕེལ་རྒྱས་སྐོར་གླེང་སྐབས་ཧྲུའུ་ཁྲེང་ཁུན་གྱིས་ཡིད་ཆེས་ཆེན་པོ་དང་དམིགས་ཚད་གསལ་པོས“ང་ཚོས་ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞིར་གཞི་ཚུགས་པ་དང་། ཚན་ཞིབ་དཔུང་ཁག་ཆེ་གྲས་ཁག་ལ་བརྟེན་པ། མ་དངུལ་གཏོང་ཤུགས་རྒྱུན་མཐུད་མང་དུ་གཏོང་བ་བཅས་བྱས་ཏེ། གྲོ་མོའི་ཉ་དང་གྲོ་མོའི་མོག་རོ་སོགས་ཁྱད་ལྡན་ཐོན་ལས་ཐད་ཚན་ཞིབ་འགག་སྒྲོལ་བྱེད་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། གྲང་ཕྲེང་ཟོག་འདྲེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་གྲོང་གསེབ་ཀྱི་ལྟ་སྐོར་སྤྲོ་གསེང་དང་། འཐུ་བསྡུ་དང་ཉ་འཛིན་སྤྲོ་གསེང་སོགས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་འཚོལ་ཞིབ་ཀྱིས་གསར་སྤེལ་བཅས་བྱས་ནས། ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་དང་སྤྲོ་གསེང་ཡུལ་སྐོར་ཞབས་ཞུ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།