མཛེས་སྡུག་ལྡན་པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”
བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་སོགས་ཀྱི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ཆབ་མདོའི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་དུ་གོམ་སྟབས་བརྟན་པོ་སྤོས་ཡོད།
ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།
ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་རྨང་གཞི་ཞིག་རེད། ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ་པ་དང་གྲོང་གསེབ་དར་རྒྱས་གོང་འཕེལ་ཡོང་ཐུབ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“འདེབས་འཛུགས་ལས་རིགས་ཆེན་པོ་བདུན”དང“གསོ་སྤེལ་ལས་རིགས་ཆེ་གྲས་ལྔ”འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འབོར་ཆེན་ཞིག་ལག་བསྟར་བྱས་པ་དང་། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་ཕན་པའི་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་པ་མ་ཟད། ད་དུང་དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་ཧུར་ཐག་བསྐྲུན་ཡོད།
ཨ་དབང་ལུག་ནི་ཆབ་མདོའི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཡིན་པ་དང་དེས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
2015ལོར། གོ་འཇོ་རྫོང་གིས“རྒྱ་སྟོབས་ཆེ་རུ་གཏོང་བ་དང་ལེགས་སུ་གཏོང་བའི”ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས“གསོ་སྦྱོང་དང་། ཚན་ཞིབ། རྒྱུད་སྤེལ། རྒྱ་སྐྱེད། ལས་སྣོན། ཟོག་འགྲེམས། འཁྱག་འདྲེན། ཕྱིར་ཚོང”བཅས་གཞི་གཅིག་ཏུ་འདུས་པའི་ཨ་དབང་ལུག་གི་ཐོན་ལས་འཁོར་སྦྲེལ་བསྐྲུན་པས། ངག་དབང་ལུག་གི་ཐོན་ལས་ས་ཁོངས་ཅན་གྱི་བཀོད་པ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་དེ་བཞིན་ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་རིམ་བཞིན་མངོན་འགྱུར་བྱུང་ཡོད། ལྟེ་བའི་གསོ་ཚགས་ཁུལ་ཕུད། རྫོང་གིས་ད་དུང་ཆེད་ལས་གསོ་ཚགས་གྲོང་ཚོ་19ལ་རོགས་སྐྱོར་བྱས་པ་དང་ཆེད་ལས་མཉམ་ལས་ཁང་4ཐོ་འགོད་བྱས་ནས་བཙུགས་ཏེ་མང་ཚོགས་6000ལྷག་ཙམ་སྔ་རྗེས་སུ་ངག་དབང་ལུག་གི་ཐོན་ལས་འཁོར་འབྲེལ་འཛུགས་སྐྲུན་ནང་ཞུགས་རྒྱུར་གཅིག་རྗེས་གཉིས་མཐུད་ངང་སྐུལ་ཁྲིད་བྱས་པས་ས་གནས་དེ་གའི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོར་སླེབས་སྐབས། གསར་འགོད་པས་གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་རྒུན་འབྲུམ་ལྡུམ་རའི་གཡོག་བྱེད་ལས་ལ་བྲེལ་བཞིན་ཡོད་པ་མཐོང་བྱུང་།
ལོ་འདི་དག་རིང་། བསོད་ནམས་ཆོས་འཛོམས་ཁྱིམ་གྱི་རྒུན་འབྲུམ་ཐོན་འབོར་ལོ་རེ་བཞིན་མང་དུ་ཕྱིན་ནས་2019ལོར་རྒྱ་མ་ཁྲི་1ལྷག་ཙམ་ཟིན་ཡོད། “ན་ནིང་ང་ཚོས་རྒུན་འབྲུམ་རྒྱ་མ་སྟོང་ཕྲག་ཁ་ཤས་བོད་ཤར་དཀོན་ནོར་ཆང་ལས་ཚད་ཡོད་ཀུང་སིར་བཙོངས་པ་དང་། ལྷག་མ་དེ་དག་གིས་རྒུན་ཆང་བསྙལ་ནས་བཙོངས་པར་ཧ་ལམ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་འདུག”ཅེས་བསོད་ནམས་ཆོས་འཛོམས་ཀྱིས་རྩིས་ཤིག་བརྒྱབ་ནས་བརྗོད།
2019ལོའི་ལོ་མཇུག་བར། སྨར་ཁམས་རྫོང་གི་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.17ཟིན་པ་དང་ལོར་རྒུན་ཆང་ཏུན་2000ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། རྒུན་འབྲུམ་ལས་སྣོན་བྱས་པའི་ལོའི་ཐོན་རྫས་རིན་ཐང་སྔོན་དཔག་ལྟར་ན་སྒོར་ཁྲི་7000ལྷག་ཙམ་ཟིན་ནས་འདེབས་འཛུགས་དུད་ཚང་1459ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
“འབྱུང་འགྱུར་ལོ་ལྔའི་ནང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཐོན་ལས་འཁོར་འབྲེལ་སྔར་བས་གཏོད་རྒྱུ་དང་འབྲེལ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རིམ་སྤོར་དང་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་བརྗོད།
ཁོར་ཡུག་ལེགས་སུ་བཏང་ནས་ཐོབ་སྣང་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་སྣོད་བཅུད་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་མ་ཟད། ད་དུང་མང་ཚོགས་ཀྱི་འཚོ་བ་དང་ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུར་འགན་ལེན་བྱས་ཡོད། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་གི་ལས་དོན་ཤུགས་ཆེན་སྤེལ་བ་དང་། “བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། གྲོང་ཚོ་རིམ་པའི་བཙོག་ཆུ་གཙང་གསིང་ས་ཚིགས་བསྐྲུན་རྒྱུ་ཁྱབ་གདལ་བཏང་བ། མང་ཚོགས་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་སྤེལ་བ། “གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་བཏང་བ་དང་འབྲེལ་གྲོང་ཁྱེར་གྱི་སྔོ་འགྱུར་རྒྱ་ཁྱོན་ཆེ་རུ་ཤུགས་ཆེན་བཏང་ཡོད། བསྡོམས་རྩིས་ལྟར་ན། 2016ལོ་ནས་ད་བར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་1754.06དང་འགྱིག་ཁུག་གད་སྙིགས་ཏུན་468.04གཙང་སེལ་བྱས་པ་དང་། ཆུ་ལམ་དང་མཚོ་རྒྱུད་ཀྱི་སྤྱི་ལེ་1774.28ཟིན་པའི་ས་ཆའི་གད་སྙིགས་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་ཏུན་663.2 གཙང་སྦྲའི་ཁུག་ཀྱོག་1939བཅས་སུ་གཙང་སེལ་བྱས་པ། དུད་ཚང་གི་གསང་སྤྱོད་25135སྒྱུར་བཀོད་ལེགས་གྲུབ་བྱས་པ་དང་དུས་མཚུངས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་རླངས་འཁོར་1194བཀོད་སྒྲིག་བྱས་པ་དང་གྲོང་ཚོར་གཙང་སྦྲ་བ་9805བཀོད་སྒྲིག་བྱས་ཡོད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོ(གྲོང་ལྷན)ཁག་ཏུ་ཁང་པའི་རྒྱབ་མདུན་དུ་ལྗོན་ཤིང་འཛུགས་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་ནས་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ལ་ལྗོན་ཤིང་ཡོད་པ་བྱས་ཡོད།
དེ་དང་དུས་མཚུངས། གཡས་རུ་གྲོག་རོང་དུ་གནས་པའི་རི་བོ་ཆེ་རྫོང་གཡས་རུ་ཤང་ཧྲུའེ་ཐི་གྲོང་ཚོར་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས། ཧྲུའེ་ཐི་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོས་འགོའི་ཡི་གེ་སྦྱར་བ་དང་དུད་ཚང་དུ་བསྐྱོད་དེ་ཡུལ་སྲོལ་དམངས་ཆིངས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མང་ཚོགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།
ལོ་32ལ་སླེབས་པའི་དགེ་ལེགས་རྒྱ་མཚོ་ནི་ཧྲུའེ་ཐི་གྲོང་ཚོའི་ནགས་སྲུང་བ་ཞིག་རེད། ཁོང་གིས“འདི་གར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ལྟ་སྲུང་བྱེད་མཁན་ཞིག་དགོས་ཀྱི་ཡོད། ང་ཚོས་ཉུང་མཐར་ཡང་ཟླ་རེར་རི་སྐོར་ཐེངས་བཞི་འགྲོ་གི་ཡོད། ང་རང་ལས་ཀ་དེར་ཧ་ཅང་དགའ་པོ་ཡོད། རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ཙམ་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
ཡུལ་སྲོལ་བཟང་པོ་ལས་རྣམ་པ་གསར་པ་མངོན་པ།
ཡུལ་སྲོལ་བཟང་པོ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་མང་ཚོགས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། ད་དུང་ཉིན་བཞིན་ཆེ་རུ་འགྲོ་བའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་ཡང་ཟམ་མི་ཆད་པར་སྐོང་དགོས།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་དང་། གྲོང་ཚོ(ཨུ་ལྷན) དགོན་སྡེ་བཅས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་སྐྲུན་མགྱོགས་སུ་བཏང་བས་ཤང་ཚང་མར་རིག་གནས་ས་ཚིགས་ཡོད་པ་དང་། གྲོང་ཚོ་ཚང་མར་རིག་གནས་ཁང་ཡོད་པ། དགོན་སྡེ་ཚང་མར་དཔེ་དེབ་ཁང་ཡོད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་གྲོང་ཚོར་སྐྱོད་སྐབས། ཁོད་སྙོམས་པའི་ཨར་འདམ་ལམ་དུ་གད་སྙིགས་མཐོང་རྒྱུ་མེད་ལ། ཁང་པའི་རྒྱབ་མདུན་ཚང་མར་ལུག་མིག་མེ་ཏོག་དང་ཀུ་ཤུའི་སྡོང་པོ་སོགས་བཏབ་ཡོད་པ་མ་ཟད། ད་དུང་ཁྱིམ་ཚང་ཚང་མས་སོལ་རླངས་དང་ཉི་ནུས་སོགས་ནུས་རྒྱུ་གཙང་མ་སྤྱོད་བཞིན་འདུག ཐང་སྐྱ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་གྱང་ངོས་སུ“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དང“ཆབ་མདོ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་དཔེ་སྟོན་གྲོང་ཚོ”སོགས་ཀྱི་གཟེངས་རྟགས་བཀལ་འདུག
འོན་ཀྱང་། སྔོན་ཆད་ཀྱི་ཐང་སྐྱ་གྲོང་ཚོའི་རྣམ་པ་དེ་འདྲ་ཞིག་མིན། དེ་སྔ་གྲོང་ཚོའི་ལམ་གུ་དོག་ལ་ལམ་ངོས་མི་སྙོམས་ལ་རྩྭ་དང་རྩི་ཤིང་ཧ་ལམ་མཐོང་རྒྱུ་མེད། “མང་ཚོགས་སྣོད་བཅུད་གྲོང་ཚོ་འཛུགས་གཏོད་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད། ང་ཚོས་གྲོང་མིའི་ཚོགས་ཆེན་འཚོགས་པ་བརྒྱུད། དྲིལ་བསྒྲགས་བྱེད་ཡུལ་བཙུགས་ནས་ལས་བྱེད་པ་དང་མང་ཚོགས་ལ་སྣོད་བཅུད་གྲོང་ཚོ་འཛུགས་གཏོད་ཀྱི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་བྱས་པ་ཡིན”ད་ཆ་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་ནང་ཞུགས་པའི་གྲོང་མི་ཚོའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་ཐང་སྐྱ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཉི་མས་བརྗོད།
མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པས་བསམ་པའི་དཔལ་ཡོན་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ཀྱི་བྱ་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་སྟེ། ཞིང་པའི་སྡོད་ཁང་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་བཏང་བས་ཞིང་འབྲོག་པ་རྣམས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་ལེན་བསྟར་བས་ཆུ་ཤར་གཏོང་ཐུབ་ཚད་100%ཟིན་པ། མ་དངུལ་སྒོར་ཁྲི་10བཏང་སྟེ་སྔོ་འགྱུར་ལས་གྲྭ་སྤེལ་ནས་གྲོང་ཚོ་སྔོ་འགྱུར་དང་། སྒོ་རའི་དཔལ་འབྱོར་འཕེལ་རྒྱས། གྲོང་ཚོའི་རྣམ་པ་ལེགས་གཏོང་བཅས་བྱས་ཡོད།
ད་ཆ། “ཐོན་ལས་དར་བ་དང་། སྣོད་བཅུད་ཡག་པ། ཡུལ་སྲོལ་བཟང་བ། སྤྱི་ཚོགས་དུས་བདེ། མི་སེར་ཕྱུག་པ”བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་ཁྱབ་བཞིན་ཡོད་པ་དང“བོད་ཤར་རྒྱུད་ཀྱི་མུ་ཏིག”ལས་བཀྲག་མདངས་རབ་ཏུ་འཚེར་བཞིན་སྣང་།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣