བདེ་སྡོད་ལས་བརྩོན་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ལ་བྲེལ།
འདི་ནི་གྲོ་མོ་རྫོང་དུད་སྣ་ཤང་རྒུར་རུ་གྲོང་ཚོ་ཡིན་པ།
རྡོ་ཆེན་མཚེའུ་ཡི་འགྲམ་དང་ཕག་རིའི་ཇོ་མོའི་གཤམ་དུ་གྲོང་ཚོ་གསར་པ་ཞིག་གནས་ཤིང་། དེ་གའི་མང་ཚོགས་ལ་རླངས་འཁོར་དང་། ཁང་པ། ལམ་བུ་བཅས་ཡོད་པ་དང་འབྱོར་འབྲིང་ལམ་ཆེན་ཐོག་སྐྱོད་བཞིན་ཡོད་པ་དེ་ནི་གྲོ་མོ་རྫོང་དུད་སྣ་ཤང་རྒུར་རུ་གྲོང་ཚོ་རེད།
རྒུར་རུ་གྲོང་ཚོ་ནི་གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་སྡོད་ཁང་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བས་མཐའ་མཚམས་མང་ཚོགས་སྡོད་ཁང་ཡོད་པ་དང་། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་ཐུབ་པ་བཅས་བྱུང་ཡོད།
ཕྱུག་འགྱུར་ལམ་བུར་ཐབས་བཟང་ཡོད་པ།
རྒུར་རུ་གྲོང་ཚོར་སྐྱོད་སྐབས་གསར་འགོད་པས་མཐོང་གསལ། ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་འཁོར་རིགས་སྣ་ཚོགས་བཞག་ཡོད་པ་དང་གྲོང་ཚོའི་གཙང་ལ་རྒྱ་ཆེ་བའི་ཨར་འདམ་ལམ་བུའི་ཐོག་འཁོར་གསུམ་སྦག་སྦག་སོགས་ཕར་འགྲོ་ཚུར་འོང་བྱེད་ལ་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་སྟར་པ་རེ་རེ་བཞིན་གྱི་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག
འདི་ལོ་ལོ་30ལ་སླེབས་པའི་པད་མ་དོན་གྲུབ་ནི་གྲོང་ཚོའི་ནང་སྐད་གྲགས་ཡོད་པའི་སྦྱིན་བདག་ཅིག་ཡིན་ལ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱེད་པའི་འབད་འཐབ་པ་ཞིག་ཀྱང་རེད། ཁོང་གིས་ཏང་གི་སྲིད་ཇུས་བཟང་པོའི་གོ་སྐབས་ལ་བརྟེན་ནས་གོམ་པ་རེ་རེ་བཞིན་བརྒྱུད་དེ་ད་ཆའི་སྒོར་ཁྲི་སུམ་བརྒྱ་ཡོད་པའི་སྦྱིན་བདག་ཏུ་གྱུར།
ལོ་12ལ་སླེབས་པའི་སྐབས་དེར། པད་མ་དོན་གྲུབ་ཀྱི་ཨ་ཕ་གྲོངས་ནས་ཁྱིམ་ཚང་ཧྲིལ་པོ་ཆགས་ས་རྟེན་ས་མེད་པ་ལྟ་བུར་གྱུར་པ་དང་ཁྱིམ་གྱི་བུ་རྒན་པ་ཡིན་པའི་པད་མ་དོན་གྲུབ་ཀྱིས་ཆུང་དུས་ནས་ཨ་མ་དང་གཅུང་མོར་ལྟ་རྟོག་བྱེད་པའི་འགན་འཁྲི་རང་ཉིད་ཀྱི་ཕྲག་ཐོག་ཏུ་བབས་ཡོད་པ་ཤེས།
2014ལོར་པད་མ་དོན་གྲུབ་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་སྒོར་ཁྲི་གཅིག་བྱས་པའི་ལྕགས་གཞོང་རླངས་འཁོར་རྙིང་པ་ཞིག་ཉོས། སྐྱེལ་འདྲེན་ལ་བརྟེན་ནས་ཟླ་འགའ་སོང་རྗེས་རླངས་འཁོར་ཉོ་བའི་མ་རྩ་ཚུར་ལོག་པ་དང་། པད་མ་དོན་གྲུབ་ཀྱིས“ཨ་མས་ངའི་ཡོང་འབབ་ཐེངས་དང་པོ་མཐོང་སྐབས་མིག་ནང་མཆི་ཞག་འཁོར་བ་ངས་ད་ལྟའང་དྲན་གྱི་འདུག”ཅེས་བཤད།
ད་ཐེངས་ཀྱི་ཁེ་བཟང་རག་པའི་ཉམས་མྱོང་ཡོད་སྟབས་པད་མ་དོན་གྲུབ་ཀྱིས་སྐྱེལ་འདྲེན་ལས་ཀ་བྱེད་ཤུགས་ཇེ་ཆེར་བཏང་ཡོད། 2015ལོར་ཁོང་གིས་དངུལ་ཁང་ནས་དངུལ་བུན་གཡར་བ་དང་སྒོར་ཁྲི་20བཏོན་ནས་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཉོས་ཏེ་ཉེ་འགྲམ་གྱི་ལས་ཡུལ་དུ་སྐྱེལ་འདྲེན་ལས་ལ་གཞོལ།
སྐབས་དེ་དུས་ཁོང་གིས་རྒུར་རུ་གྲོང་ཚོས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐོས། ཚོང་ལས་ཀྱི་གོ་སྐབས་ལ་ཚོར་བ་སྐྱེན་པའི་ཁོང་གིས་གོ་སྐབས་ཐོབ་དཀའ་བར་སྙམ་སྟེ་སྔ་ས་ནས་བྱེ་འདོན་ར་བ་འཛུགས་རྒྱུའི་འགྲོ་ལུགས་ཚང་མ་གཉེར། 2015ལོར་རྒུར་རུ་གྲོང་ཚོས་གཞི་ཁྱོན་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་བཙུགས་པས་བྱེ་རྡོའི་དགོས་མཁོ་ཆེ་རུ་ཕྱིན། པད་མ་དོན་གྲུབ་ཀྱིས་རང་འགུལ་ངང་ལས་གྲྭའི་འགན་འཁུར་བ་བཙལ་ནས་ཁོང་ཚོ་དང་འབྲེལ་གཏུག་བྱས། བྱེ་རྡོའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། པད་མ་དོན་གྲུབ་ཀྱི་བྱེ་རྡོ་ར་བ་ནས་ཐོན་པའི་བྱེ་རྡོ་དེ་བླང་བྱ་དང་ཡོངས་སུ་མཐུན་པས་ཨར་སྐྲུན་ལ་སྟབས་བདེ་བསྐྲུན་ཆེད་ཁོང་ལ་བྱེ་རྡོ་མཁོ་འདོན་བྱ་རྒྱུའི་འགན་གཙང་སྤྲད་ཅིང་། ལོ་དེར་པད་མ་དོན་གྲུབ་ལ་ཡོང་འབབ་སྒོར་ཁྲི་40བྱུང་བ་དང་འབྲེལ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་3ལས་ཀར་བསྡུས།
2017ལོར་རྒུར་རུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་བསྐྲུན་འགོ་ཚུགས་པ་རེད། གྲོང་ཚོའི་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་པའི་པད་མ་དོན་གྲུབ་ཀྱིས་ཕྱོགས་གཅིག་ནས་རྣམ་གྲངས་ཀྱི་འགན་འཁུར་བ་དང་འབྲེལ་གཏུག་བྱས་ནས་ལས་མི་ག་ཚོད་མཁོ་མིན་བསྡོམས་རྩིས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་མི་གླ་པ་རྒྱུག་པར་སྒྲིག་འཛུགས་བྱས་པ་རེད། 2019ལོའི་ལོ་མཇུག་བར། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ཁྲོད་རྒུར་རུ་གྲོང་ཚོའི་གྲོང་མིའི་ངལ་ནུས་ནང་ཞུགས་པའི་ཡོང་འབབ་སྒོར་ཁྲི་200ཟིན་པ་རེད།
ད་ཆ། རྒུར་རུ་གྲོང་ཚོར་རྐོ་འདྲུའི་འཕྲུལ་འཁོར་1དང་། འདོན་འཇུག་འཕྲུལ་འཁོར་6 སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་4ཡོད་པ་ལ་སོགས་སྒྲིག་ཆས་དེ་དག་ནི་རྒུར་རུ་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི“གཅེས་ནོར”དུ་གྱུར་བ་མ་ཟད། ཁོང་ཚོའི་འབྱོར་འབྲིང་གི་ཕུགས་འདུན་ཡང་དེར་བཅོལ་ཡོད།
སྡོད་ཁང་གསར་པར་སྤོས་པས་འཚོ་བ་མཛེས་སྡུག་ལྡན་པར་གྱུར་བ།
“ང་ནི་བསོད་ནམས་ཅན་ཞིག་ཡིན། དར་རྒྱས་ཆེ་བའི་དུས་སུ་འཚོ་བ་བསྐྱལ་ནས་སྡོད་ཁང་ཡག་པོའི་ནང་བུ་རབས་ཚ་རྒྱུད་དང་མཉམ་དུ་སྡོད་རྒྱུ་བྱུང་བས་དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”ཅེས་ལོ་65ལ་སླེབས་པའི་སྲི་ཐར་སྒྲོལ་མས་བཀའ་དྲིན་ཆེན་པོ་ཚོར་བཞིན་དུ་བརྗོད།
སྲི་ཐར་སྒྲོལ་མ་ནི་རྒུར་རུ་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་བ་ཞིག་ཡིན་ཞིང་། “1982ལོར་ཁྱིམ་མཚེས་རྣམས་ཀྱི་རོགས་རམ་འོག་ང་ཚོས་ཁང་པ་ཆུང་ཆུང་ཞིག་བརྒྱབ་པ་ཡིན”སྲི་ཐར་སྒྲོལ་མའི་དྲན་ཤེས་ནང་ཡོད་པའི་ཁང་པ་དང་པོ་ནི་ཐོག་དཔངས་དམའ་བའི་ས་ཕག་ཁང་པ་ཞིག་ཡིན་པ་དང་། ཆེ་ཆུང་ལ་སྨི་ངོས་གྲུ་24ལས་མེད་པས་ནང་མི་ཚང་མ་དེའི་ནང་འཚང་ཁ་རྒྱག་དགོས་ཀྱི་ཡོད་ལ། ཟས་སྡོད་ཚང་མ་ཁང་མིག་དེ་གཅིག་པུ་ལས་མེད་པ་མ་ཟད། ཁང་པ་དེར་ཉི་མ་ཡག་པོ་མེད་པའི་ཁར་ཆར་ཐིག་ཀྱང་རྒྱག་གི་ཡོད།
2008ལོར། བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལས་ཕན་པ་ཐོབ་པའི་སྲི་ཐར་སྒྲོལ་མས་མང་ཚོགས་གཞན་དང་འདྲ་བར་ཐོག་སོ་གཉིས་ལྡན་གྱི་ས་ཕག་གི་བོད་བཟོའི་ཁང་པ་བརྒྱབ་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་རེད།
“ཁང་པ་འདི་རྒྱག་པར་རྒྱལ་ཁབ་ཀྱིས་ཁ་གསབ་སྒོར་ཁྲི་1.5སྤྲད་བྱུང་། ང་རླངས་འཁོར་ལ་བསྡད་ནས་གྲོ་མོ་རྫོང་དུ་རྒྱུ་ཆ་ཉོ་རུ་ཕྱིན་པ་དང་། དེ་ནས་ཁྱིམ་མཚེས་ཀྱི་རོགས་རམ་འོག་ཟླ་གཅིག་ནང་བསྐྲུན་ཚར་སོང”“འོན་ཀྱང་ཡིད་ཕངས་པ་ཞིག་ལ་ས་ཡོམ་བརྒྱབ་ནས་ཁང་པ་ལོག་པས་སེམས་ཧ་ཅང་སྐྱོ་པོ་བྱུང”སྲི་ཐར་སྒྲོལ་མས་ཞེས་བརྗོད།
2017ལོར་རྒུར་རུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་འགོ་ཚུགས་པ་རེད། སྲི་ཐར་སྒྲོལ་མས་སྒོར་ཁྲི་10གྲབས་གསོག་བྱས་པ་དང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་45བཏང་ནས་ད་ཆའི་སྤྲོ་ཁང་རྣམ་པའི་སྡོད་ཁང་དེ་བསྐྲུན་པར་རྒྱ་ཁྱོན་ལ་སྨི་ངོས་གྲུ་220ཟིན་ཡོད། དེ་ནི་སྲི་ཐར་སྒྲོལ་མའི་སྡོད་ཁང་གསུམ་པ་དེ་རེད།
ད་ལྟའི་ཁང་པ་འདིའི་སྐོར་གླེང་སྐབས་སྲི་ཐར་སྒྲོལ་མས“ཁང་པ་ཚང་མར་ལྷུ་སྒྲིག་རྣམ་པའི་ངར་ལྕགས་སྒྲོམ་གྱི་གྲུབ་ཆ་སྤྱད་པ་དང་ལྷུ་ལག་ཚང་མ་བཟོ་གྲྭས་བཟོས་ཚར་རྗེས་ས་གནས་ས་ཐོག་ཏུ་སྒྲིག་སྦྱོར་བྱེད་ཀྱི་འདུག་པས་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་ཞིག་འདུག”ཅེས་སྤོབས་སེམས་ཆེན་པོས་བཤད།
ད་ཆ་རྒུར་རུ་གྲོང་ཚོའི་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཞིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་75ཚང་མ་སྒྲིག་སྦྱོར་རྣམ་པའི་ངར་ལྕགས་སྒྲོམ་གྱི་བོད་བཟོའི་ཁང་པར་བསྡད་དེ་མི་ཕྱུགས་ལོགས་སུ་སྡོད་པ་དང་འཚོ་བར་སྔར་བས་འགན་ལེན་བྱུང་ཡོད།
བསམ་བློར་འགྱུར་ལྡོག་བྱུང་བ་དང་ཉམས་འགྱུར་གསར་པ་མངོན་པ།
རྒུར་རུ་གྲོང་ཚོ་ནི་རྡོ་ཆེན་མཚེའུ་འགྲམ་དང་གཞིས་རྩེ་ནས་གྲོ་མོ་བར་གྱི་གཞུང་ལམ་གྱི་འགྲམ་དུ་གནས་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བར་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་གྲོང་ཚོ་ཡོངས་ཀྱིས་སྤྱིར་ན་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
དེ་སྔའི་འཚོ་བའི་སྐོར་གླེང་སྐབས་རྒུར་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་གསར་འགོད་པར“དེ་ནི་ངལ་རྩོལ་ནུས་ཤུགས་འཕྲོ་བརླག་ཏུ་བཏང་བ་ཞིག་ཡིན་ལ་ལས་ཆོད་ཀྱང་མཐོ་པོ་མེད་པའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ཤིག་ཀྱང་ཡིན་སྟབས་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་མེད”ཅེས་བརྗོད།
2016ལོར། གྲོ་མོ་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་1200བཏང་ནས་རྒུར་རུ་གྲོང་ཚོར་གམ་པའི་ལུག་གསོ་ཚགས་རྟེན་གཞི་བཙུགས་པ་དང་འབྲེལ་ལོ་དེར་གངས་སྐྱིད་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་བཙུགས་ཤིང་། ལོ་4ཙམ་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔར་མཉམ་ལས་ཁང་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད།
2017ལོར་རྒུར་རུ་གྲོང་ཚོས་ལུག་ཐོང་པ་རྣམས་རིན་གོང་ལ་ཕབ་ནས་མ་རྐང་དུ་འཇོག་པའི་བྱེད་སྟངས་བརྒྱུད། གྲོང་ཚོ་ཡོངས་ཀྱི་ལུ་གུ་མཉམ་ལས་ཁང་གིས་གཅིག་སྡུད་ཐོག་དོ་དམ་དང་གཅིག་གྱུར་ཐོག་ཕྱིར་ཚོང་བྱས་ནས་སྲོལ་རྒྱུན་གྱི“ཆུང་བ”དང“ཁ་ཐོར”གྱི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་མཐར་ཕྱིན་བཏང་བ་རེད། གྲོ་མོ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་མི་ཐབས་ཀྱིས་རྩྭ་འདེབས་རྣམ་གྲངས་ལ་བརྟེན་ནས་མཉམ་ལས་ཁང་གིས་ལོ་ལྟར་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་1000ལྷག་ཙམ་འདེབས་པ་དང་མུའུ་རེར་སྔོ་རྩྭ་རྒྱ་མ་800ཐོན་ནས་དགུན་དུས་འབྲོག་རའི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ་དང་གམ་པའི་ལུག་གི་དགུན་དུས་གྲང་འགོག་ནུས་པ་ཆེ་རུ་ཕྱིན་པ་རེད།
2019ལོར་གངས་སྐྱིད་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་གི་ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་250ལྷག་ཙམ་བར་འཕར་བ་དང་ཞིང་འབྲོག་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་85བྱུང་ཡོད། ཧྲི་ཡོན་རེར་ཁེ་སྤོགས་སྒོར་2500བགོ་བཤའ་བརྒྱབ་པ། རྒུར་རུ་གྲོང་ཚོའི་ལོའི་སྤྱིའི་ཡོང་འབབ་བསྡོམས་སྒོར་7616077ཟིན་པ་དང་། ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་15186ཟིན་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་20300ཟིན་པ་བཅས་རེད།
ད་ཆ་རྒུར་རུ་གྲོང་ཚོ་འདི་ཉིད་བྱ་གཞག་དར་རྒྱས་དང་། ཡུལ་ལྗོངས་མཛེས་པ། མང་ཚོགས་སྤྲོ་སྣང་ལྡན་པ་བཅས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཞིག་ཡིན་པ་དང་། དེ་གའི་མང་ཚོགས་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་གོམ་སྟབས་བརྟན་དུ་འགྲོ་བཞིན་མཆིས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣