ཏང་ནི་ཏང་སྲིད་དམག་དམངས་སློབ་དང་། ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག “ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ནས། དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་སྔར་བས་གསལ་སྟོན་གནང་ཡོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་སྐྲུན་པ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་པ་དེར་དམ་འཛིན་ཡག་པོ་བཅས་བྱས་ཏེ་བོད་དུ་ཏང་གི་སྲིད་སྐྱོང་གི་རྩ་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།
ཀྲུང་གོའི་བྱ་བ་ལེགས་པར་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དེ་ནི། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་གནས་ས་ཞིག་རེད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ནི། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཆེད་དུ་བཅིངས་འགྲོལ་དོན་གཉེར་དང་ཡར་ལངས་དོན་གཉེར་བྱེད་པའི་ལོ་རྒྱུས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་འབྱོར་ཕྱུག་དོན་གཉེར་བྱེད་པའི་ལོ་རྒྱུས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟན་ལྷིང་དོན་གཉེར་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་ལོ་རྒྱུས་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། “གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད” ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་དང་རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་སྟེ། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་འཛུགས་སྐྱོང་དང་། ལྷག་པར་དུ། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་མིག་སྔའི་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ང་ཚོར་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཇི་ཙམ་རྣོ་ངར་དང་རྙོག་འཛིང་ཆེ་བ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་དང་ལྗིད་རྫོབ་ཆེ་ན། དེ་ཙམ་གྱིས་ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་གྱིས། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཞིག་ཡིན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་གི་ལས་དོན་ཚང་མ་ཏང་གི་སྟོབས་དང་ལྡན་པའི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། དུས་རབས་གསར་པར་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། “བརྟན་པོ་གསུམ་འཛུགས་རྒྱུ”མཐའ་འཁྱོངས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱར་གཞིགས་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཅིག་ཧུར་ཐག་བཏོད་དེ། ཏང་ཡོན་ལས་བྱེད་པ་ཁྱབ་ཁོངས་གང་ཞིག་དང་། རིམ་པ་གང་ཞིག ཚན་པ་གང་ཞིག རྩ་འཛུགས་གང་ཞིག་བཅས་སུ་གནས་ཀྱང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།
ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན་པས། ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་གྲུབ་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོར་སྲུང་བ། སྤྱོད་གཙང་གི་སྒྲིག་ཁྲིམས་ནན་པོར་སྲུང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་གཞུང་དྲང་གི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་ནན་པོ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པ་དང་ཉེན་ཁ་ཆེན་པོ་འགོག་ཟོན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལས་དོན་ཁྲོད་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ནུས་པ་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་ལ་ཞུན་བརྡར་ཐུབ་པར་བྱེད་དགོས།
ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ད་ཆ་བོད་འདི་ཉིད“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། འགན་འཁྲི་ཇི་ཙམ་གྱིས་གཟི་བརྗིད་ཆེ་བ་དང་དམིགས་ཚད་ཇི་ཙམ་གྱིས་བརྗིད་ཉམས་ཆེ་ན། དེ་ཙམ་གྱིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་དུ་བསྐྲུན་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།