དབུ་ཤོག>ཆེད་སྒྲིག
  • ཕུགས་འདུན་དོན་གཉེར་གྱི་ལས་གཏོད་པ་མཱ་ཨའེ་ནའེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-18

    མཱ་ཨའེ་ནའེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རང་བརྟེན་ལས་གཏོད་བྱེད་མཁན་གྱི་སློབ་ཆེན་སློབ་མ་ཞིག་རེད། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཐུགས་ཁུར་དང་རོགས་རམ་འོག བོད་ལྗོངས་ཧའོ་རན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ་གཙོ་བོ་གད་སྙིགས་རིགས་དབྱེ་དང་། གད་སྙིགས་གནོད་མེད་ཐག་གཅོད། གད་སྙིགས་ཚུར་བསྡུ་དང་སླར་ཡང་བེད་སྤྱོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ལས་སྣོན་དང་བཟོ་བ་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། མིག་སྔར་ལོའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་70ལྷག་ཙམ་ཟིན་གྱི་ཡོད།

    “ཁྱབ་ཁོངས་གསར་པར་གསར་གཏོད་དང་ལས་གཏོད་བྱེད་པར་དཀའ་ལས་ཁག་པོ་འདུག སྔར་ཡོད་ཀྱི་སྤྱི་ཚོགས་ཀྱི་འཁོར་སྐྱོད་བྱེད་སྟངས་གཞན་ལ་བརྟེན་དྲགས་པ་དང་། ཆ་འཕྲིན་གསར་བརྗེས་དང་དང་ལེན་བྱེད་པའི་མྱུར་ཚད་ཀྱང་ཅུང་འགོར་བ་མ་ཟད། སྤྱི་ཚོགས་དང་མང་ཚོགས་ཀྱི་གསར་གཏོད་འདུ་ཤེས་ཅུང་ཞན་པོ་འདུག འོན་ཀྱང་བོད་ཀྱི་ལས་གཏོད་ཁོར་ཡུག་ལེགས་པ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། སྤྱི་ཚོགས་ཀྱི་ཚོགས་སྤྱིའི་ཁྲོད་མི་མང་པོ་ཞིག་གིས་ལས་གཏོད་པར་རེ་བ་ཆེན་པོ་བཅོལ་གྱི་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ངས་ལས་གཏོད་ཀྱི་ལམ་བུར་བསྐྱོད་འགོ་བཙུགས་པ་ཡིན”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མཱ་ཨའེ་ནའེ་ཡིས་དེ་ལྟར་བརྗོད།

    2019ལོའི་ཟླ་5པར། མཱ་ཨའེ་ནའེ་ཡིས་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་རྒྱབ་སྐྱོར་བྱས་པའི་ལས་གཏོད་འགོ་འཛུགས་མ་དངུལ་སྒོར་ཁྲི་5དང་དེ་བཞིན་ཡུང་ཅིའུ་ཕུགས་འདུན་གྲོང་རྡལ་ཆུང་ངུའི་གཞུང་ལས་ཁང་ལ་བརྟེན་ནས། བོད་ལྗོངས་ཧའོ་རན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་ལས་སྒོ་གཉེར་འགོ་ཚུགས། འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་དང་ཁེ་ལས་མང་པོ་དང་མཉམ་ལས་གྲོས་མཐུན་བཞག་པ་རེད།

    མཱ་ཨའེ་ནའེ་ཡིས་རང་ཉིད་ཀྱི་ལས་གཏོད་ལམ་ལྷོངས་བྱུང་བའི་ཉམས་མྱོང་སྐོར་གླེང་སྐབས“ལས་གཏོད་བྱེད་པར་བློ་གྲོས་དང་། ཡིད་ཆེས། བློ་ཁོག་བཅས་དགོས། ལས་གཏོད་ཀྱི་ལམ་བུའི་ཐོག་རང་ཉིད་ལ་ཡིད་ཆེས་མི་བྱེད་མཁན་མང་པོ་ཡོང་སྲིད། འོན་ཀྱང་ཚང་མས་ཡི་ཐང་མ་ཆད་པར་དཀའ་ངལ་ཁྱད་བསད་བྱེད་དགོས”ཞེས་བཤད།

    “ལས་གཏོད་བྱས་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་བ་དང་། གཞན་ལ་རོགས་རམ་བྱེད་རྒྱུ་བྱུང་བས་ང་རང་ཧ་ཅང་དགའ་པོ་འདུག ཀུང་སི་བཙུགས་མ་ཐག་ཡིན་པས་ངའི་ཕུགས་འདུན་ད་དུང་མུ་མཐུད་དོན་གཉེར་དང་མངོན་འགྱུར་བྱེད་དགོས། འོན་ཀྱང་ངའི་འབད་བརྩོན་འོག་ཀུང་སིའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་བྱ་རྒྱུ་དེ་ནི་ངའི་བསམ་འདུན་ཡིན”ཞེས་མཱ་ཨའེ་ནའེ་ཡིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།