ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རང་འགུལ་ཤུགས་འདོན་དང་གནད་སྨིན་ཚད་བརྒལ། ལས་ཞུགས་དམ་འཛིན་དང་། གསོ་སྦྱོང་བྱེད་པ། ཤེས་ལྡན་མི་སྣ་གཅིག་སྡུད་བཅས་བྱས་ཏེ། མང་ཚོགས་དབུལ་པོ་དབུལ་སྒྲོལ་ལམ་བུར་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ལྷག་པར་དུ་འདི་ལོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་དམག་འཐབ་གཉིས་ནང“མིག་མངས་འགྲིག་སྐོར་གཅིག”གི་ཇུས་འགོད་བྱས་ཏེ། བྱེད་ཐབས་ཧུར་ཐག་སྤྱོད་པ་དང་རིམས་ནད་ལ་འགོག་རྒོལ། བྱེད་ཐབས་དངོས་བཏོན་པ་བཅས་བྱས་ནས། ངལ་ནུས་དབུལ་པོའི་ལས་ཞུགས་གཞན་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལས་ཞུགས་ལ་བརྟེན་ནས་མང་ཚོགས་དབུལ་པོ་ཕྱུག་འགྱུར་ཡོང་བར་བྱས་པ་རེད།
A ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ཕྱུག་འགྱུར་ལམ་བུ་བཏོད།
སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་དུ་གནའ་མཁའ་སྔོ་ཞིང་རི་ཀླུང་སྔོ་ལྗང་གིས་བརྒྱན་ཞིང་། ཞིང་ནང་དུ་ལོ་ཏོག་དང་སྐྱེ་དངོས་སྣ་ཚོགས་ཧ་ཅང་མང་པོ་ཡོད། སྔོན་མ་གྲོང་རྡལ་དེའི་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་དེ་ཙམ་ཡངས་པོ་མེད། དཀའ་གནད་དེར་དམིགས་ནས། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ། ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་ཆ་འཕྲིན་ཐོ་བཀོད་བྱས་ནས་ངལ་རྩོལ་ནུས་ཤུགས་དབུལ་པོའི་ལོ་ཚད་དང་། སློབ་རྒྱུས། རྩལ་ནུས་ཀྱི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་མ་ཟད། ལས་ཞུགས་གསོ་སྦྱོང་ནང་ཞུགས་འདོད་ཡོད་མེད་ཀྱི་གནས་ཚུལ་ཡང་ཤེས་རྟོགས་བྱས་པ་རེད། རྨང་གཞི་དེའི་ཐོག་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་། རྩལ་ནུས་གསོ་སྦྱོང་། ལས་ཐོག་ལས་མི་བཀོལ་སྤྱོད་བཅས་ཀྱི་ཆ་འཕྲིན་རྒྱ་ཁྱབ་ངང་བསྡུ་རུབ་དང་ཡོངས་བསྒྲགས་བྱས་ནས་དུད་ཚང་དབུལ་པོར་རོགས་སྐྱོར་བྱས་པ་མ་ཟད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།
B རྩལ་ནུས་གསོ་སྦྱོང་གི་བྱེད་ཐབས་མང་།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་གཉེར་བའི་གསོ་ཚགས་ཆེད་ལས་ལག་རྩལ་གསོ་སྦྱོང་ཚོགས་འདུའི་ཐོག ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚེ་རིང་གིས“ངས་བོད་བྱ་100ལྷག་ཙམ་གསོས་ཡོད། རྒྱུན་དུ་བྱ་ལྟོའི་སྦྱོར་རྟར་དོ་སྣང་ཡག་པོ་བྱས་པས། བྱ་དེས་ལྟོ་ཡག་པོ་བཟའ་བ་མ་ཟད། མགྱོགས་མྱུར་ཆེན་པོ་ཆགས་པ་དང་གོང་ཡང་མང་པོ་རག་གི་འདུག”ཅེས་བཤད་བྱུང་།
སྔོན་མ་ཚེ་རིང་ནི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། 2016ལོར་དངུལ་བུན་གཡར་ནས་བོད་བྱ་དང་བོད་ཕག་གསོས་ཏེ། ལོ་གཉིས་པར་དབུལ་སྒྲོལ་ཐུབ་པ་དང་། 2019ལོར་ད་དུང་སྡོད་ཁང་གསར་པ་བརྒྱབ་པ་རེད།
དུད་ཚང་དབུལ་པོ་དེ་བས་མང་བ་གསོ་ཚགས་དབུལ་སྒྲོལ་གྱི་ཕྱུག་འགྱུར་ལམ་བུར་བསྐྱོད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་དོན་གཉེར་གྱི་འཇོན་ཐང་ཆེ་རུ་བཏང་བར་བརྟེན། ཁོང་ཚོས་དབུལ་སྒྲོལ་ཕྱུག་འགྱུར་ནི་འབད་འཐབ་བྱས་ཏེ་བྱུང་བ་ཞིག་ཡིན་པ་ཤེས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད།
C མངོན་འགྱུར་བར་མཐོངས་དང་མགྲོན་ཁང་གིས་ལས་ཞུཌ་ལ་སྐུལ་འདེད་བཏང་།
ཉིང་ཁྲི་ཀླུ་ནང་གི་མངོན་འགྱུར་བར་མཐོངས་ནི་2016ལོའི་ཟླ་6པར་དངོས་སུ་བཙུགས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་ཐོན་ལས་གླིང་ཁུལ་དང་པོ་དེ་ཡིན། དེར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་མངོན་འགྱུར་བར་མཐོངས་ཀྱི་སྐྱོང་གསོའི་རྟེན་གཞི་དང་། ཚན་རྩལ་མཐོ་བའི་ཤེས་ལྡན་མི་སྣའི་གཤོང་ས། གནད་སྨིན་དབུལ་སྐྱོར་གྱི་ལས་སྟེགས། དེ་བཞིན་བོད་ཀྱི་སྒྱུ་རྩལ་རིག་གནས་འགྲེམས་སྟོན་རྟེན་གཞི་བཅས་བཙུཌ་ཡོད། མངོན་འགྱུར་བར་མཐོངས་སུ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་དྲ་ཐོག་ནས་བཙོང་བ་དང་ཀླུ་ནང་གི་ཁྱད་ལྡན་རིག་གནས་འགྲེམས་སྟོན་བྱས་ནས་ཀླུ་ནང་གི་རིག་གནས་ཁྱད་ཆོས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
ས་གནས་དེ་གའི་ཞིང་འབྲོག་པ་དང་མང་ཚོགས་དབུལ་པོས་འགྲུལ་ཁང་བསྐྲུན་རྒྱུར་སྐུལ་ལྕག་བྱ་ཆེད། ས་གནས་དེས་ཀླུ་ནང་ཡུལ་སྐོར་དབུལ་སྐྱོར་ཐེབས་རྩ་བཙུགས་ཤིང་། ཞིང་འབྲོག་པ་ཚོས་རེ་ཞུ་བྱས་པའི་ཆེད་དོན་ཐེབས་རྩ་དེ་འགྲུལ་ཁང་ཉམས་གསོ་དང་འགྲུལ་ཁང་གི་ཞབས་ཞུའི་སྒྲིག་ཆས་ལེགས་སུ་གཏོང་བའི་ཐད་སྤྱད་དེ། ཁྱིམ་ཚང་འགྲུལ་ཁང་གི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་ཆས་ལེགས་སུ་བཏང་ནས་ཁྱད་ཆོས་ལྡན་པའི་བོད་བཟོའི་འགྲུལ་ཁང་བསྐྲུན་ཡོད།