དབུ་ཤོག>ཆེད་སྒྲིག
  • ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2020-09-18

    “ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས” “བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་སྟེ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད། ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པ་དང་། ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱིས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། དེ་བཞིན་རང་རྒྱལ་གྱིས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་། མངའ་ཁོངས་ཕྱི་ནང་གི་དགྲར་ཡའི་ཕྱོགས་གཏོགས། ཁ་ཕྲལ་ཕྱོགས་གཏོགས་བཅས་དང་འཐབ་རྩོད་བྱེད་པའི་འཐབ་ས་མདུན་མ་བཅས་ཡིན། དེ་ཕྱིར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་བརྟེན། མང་ཚོགས་ཀྱི་ཆོས་དད་རང་མོས་དང་རྒྱུན་གཏན་ཆོས་ལུགས་བྱེད་སྒོར་འགན་ལེན་ནུས་ལྡན་བྱུང་བ་དང་། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཆོས་ལུགས་ལས་དོན་ལ་དུས་བབ་དང་འགྲན་སློང་གསར་པ་འཕྲད་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས། ང་ཚོས་ངེས་པར་དུ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་སྔར་བས་ཟབ་ཏུ་བཏང་ནས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་ཡིན་པ་དང་། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་གི་ཆ་ནས་དེར་ཡུན་རིང་གི་རང་བཞིན་དང་། རྙོག་འཛིང་གི་རང་བཞིན། མང་ཚོགས་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན། རྒྱལ་སྤྱིའི་རང་བཞིན་བཅས་ལྡན་ཡོད་པ་མཐོང་ཐུབ་པ་བྱེད་དགོས། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་རེད། “ཁྲིད་སྟོན”ནི་ང་ཚོས་ཆོས་ལུགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་ཞིག་ཡིན་དགོས་པས། “ཁྲིད་སྟོན”ཐད་བསམ་བློ་གཏིང་ཟབ་གཏོང་བ་དང་། གསལ་པོར་ཤེས་དགོས་པ། དམ་འཛིན་གནད་འཁེལ་བཅས་ཡོང་བར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དང་སློབ་གསོ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཆབ་སྲིད་ཐད་ནས་རང་རྟོགས་ངང་ཏང་གི་འགོ་ཁྲིད་ཁས་ལེན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་། རིག་གནས་ཐད་རང་རྟོགས་ངང་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་བྱེད་པ། སྤྱི་ཚོགས་ཐད་ནས་རང་རྟོགས་ངང་འཕེལ་རྒྱས་ཡར་ཐོན་དང་འཚམ་པ་བཅས་བྱེད་དགོས། རང་བརྟེན་དང་། རང་བདག རང་གཉེར་བཅས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་བའི་རྩ་དོན་ལ་བརྩི་བ་དང་། མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱི་ཚོད་འཛིན་མི་ཕོག་པ་བྱེད་པ་དགོན་སྡེའི་དོ་དམ་གྱི་མཐའ་ཚད་དུ་བརྩིས་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས། བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རིང་གི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བདེན་ཡོད་སྤོབས་ཆེའི་སྒོ་ནས་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་སེམས་ཀྱི་རྟེན་ས་དང་། སེམས་ཁམས་ཀྱི་ཞིང་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་ལུགས་དྲིལ་བསྒྲགས་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ“གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ་དང“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས།

    ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། བཅའ་ཁྲིམས་སྤྱད་དེ་ཆོས་ལུགས་དང་འབྲེལ་བ་ཡོད་པའི་འབྲེལ་བ་སྣ་ཚོགས་འདུམ་འགྲིག་བྱེད་པ་ནི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་ཐབས་ལམ་ཞིག་རེད། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ་དང་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་བཙུགས་ཏེ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་ལུགས་ཅན་གྱི་ལམ་དུ་བེད་སྤྱོད་ཚད་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཁྲིམས་ལྟར་དོ་དམ་དང་། དམངས་གཙོ་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་དང་། དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། དོ་དམ་ཞབས་ཞུར་ཁྱབ་པ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཟམ་མི་ཆད་པར་བྱེད་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་དགོན་སྡེ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཟབ་ཏུ་གཏོང་བ་དང“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཁོ་ཚོས་རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ། རང་འགུལ་ངང་སྲིད་གཞུང་གི་དོ་དམ་དང་ལེན་བྱེད་དགོས།

    ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་ནི་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་བོད་ཀྱི་ལས་དོན་ཡོད་དོ་ཅོག་མི་རིགས་ཀྱི་ལས་དོན་དང་ཆོས་ལུགས་ཀྱི་ལས་དོན་དང་ཁ་འབྲལ་ཐབས་མེད་པ་དང་། ཆོས་ལུགས་ལས་དོན་ལ་མཐོང་ཆེན་དང་ཆོས་ལུགས་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་སྤྱི་ཡོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་གྱི་བྱེད་པོའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། རིམ་ཁག་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་སྤྱི་འདོམས་ནུས་པ་འདོན་སྤེལ་ཏན་ཏིག ཆོས་ལུགས་ལས་དོན་ལ་མཛུབ་ཁྲིད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡག་པོ་བྱེད་དགོས། ཆོས་ལུགས་དང་སྤྱི་ཚོགས་ནུས་པའི་ངོ་བོ་ཉིས་བརྩེགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། འགན་འཁྲི་འཁུར་ཕོད་པར་བྱས་ནས་ཆོས་ལུགས་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཆོས་ལུགས་ལས་དོན་ཐག་གཅོད་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པར་བཟོས་ནས། ཚན་རིག་ཤེས་དཔལ་གོང་ན་བཀུར་བ་དང་རང་རྟོགས་ངང་དེང་རབས་ཤེས་དཔལ་གྱི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ནས། བློ་གྲོས་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་བཅོས་བཅས་ཀྱི་ཐོག་གཅིག་སྡུད་ཀྱིས་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་མཐའ་འཁྱོངས་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཚེ། ང་ཚོས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཚམ་པ་དང་། མི་དམངས་ཀྱི་འདོད་བློ་དང་མཐུན་པ། དུས་རབས་ཀྱི་སྙིང་སྟོབས་དང་འཚམ་པ་བཅས་ལ་སྐུལ་འདེད་ཐུབ་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་དྲང་ནུས་ཆེན་པོ་གཅིག་སྒྲིལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།