རང་བྱུང་གནམ་གཤིས་ཞན་པ་དང་ཐོན་སྐྱེད་བྱེད་སྟངས་རྗེས་ལུས་སོགས་རྒྱུ་རྐྱེན་མང་པོ་ལས། “འཛམ་གླིང་ཡང་རྩེའི་ཏོག”ཅེས་གྲགས་པའི་མངའ་རིས་ས་ཁུལ་གྱི་འབྲོག་པ་མང་ཆེ་བས་ལོ་ངོ་སྟོང་ཕྲག་མང་པོའི་རིང་། “ཉི་མ་ཤར་དུས་ལས་ཀ་བྱེད་པ་དང་ཉི་མ་བཞུད་སྐབས་ངལ་གསོ་བ”དང“གནམ་ཆུར་བརྟེན་ནས་ཕྱུགས་འཚོ་བ། རྩྭ་དང་ཆུ་ཁ་ཡག་སར་སྐྱས་སྤོས་ནས་འཚོ་བའི”སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དེར་སྤྱིར་ན་མི་མི་ཉུང་བ་ཞིག་གིས་འགྱུར་ལྡོག་གཏོང་འདོད་ཡོད་པ་དང་སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
འཆམ་གུག་གྲོང་ཚོའི་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཆེད། ཉི་མ་དོན་གྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་བཞིན་ཡོད། ལོ་ལྔའི་རིང་ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་བློ་ཁོག་ཆེན་པོས་སྒྱུར་བཅོས་གསར་གཏོད་དང་། འབབ་འཕར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཞིང་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་འཛུགས་པ་སོགས་ས་མཐོའི་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལས་ལ་གཞོལ།
ཏང་གི་སྲིད་ཇུས་བཟང་པོ་ལས་འབྲོག་པ་མང་ཚོཌ་ཚོར་ཕྱུག་འགྱུར་སྒོ་མོ་ཕྱེ་བ།
སྟོན་ཟླ་དགུ་པར་གསར་འགོད་པས་འཆམ་གུག་གྲོང་ཚོ་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་མཐོང་སྐབས། ཁོང་ལྷ་སར་འཚོགས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཕྱིར་ལོག་མ་ཐག་རེད་འདུག
འཆམ་གུག་གྲོང་ཚོ་ནི་རྒྱལ་ལམ་317ལམ་རྒྱུད་དང་བོད་བྱང་ཐང་གི་དབུས་སུ་གནས་ཡོད། འདིར་ས་བབ་མཐོ་བ་དང་རང་བྱུང་ཆ་རྐྱེན་ཞན་པ་ཕུད། ད་དུང་མང་ཚོགས་ཚོར་ཡོངས་ཁྱབ་ཏུ་སློབ་གསོ་ཐེབས་ཚད་དམའ་བ་དང་ངལ་རྩོལ་རྩལ་ནུས་ཞན་པས་གྲོང་ཚོ་ཡོངས་ཀྱི་དུད་ཚང་73གྱི་མི་290ནོར་ལུག་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། བསྐྱར་ཟློས་ཀྱི་འཚོ་བ་སྐྱེལ་སྟངས་དེ་ཇི་ལྟར་བྱས་ནས་སྒྱུར་བཅོས་བཏང་སྟེ་ཚང་མའི་ལག་ཏུ་དངུལ་སྨར་ཕྲན་བུ་ཡོང་བ་བྱེད་པ་དེ་ནི་1998ལོར་གྲོང་ཚོའི་ལས་བྱེད་པར་བདམས་ཐོན་བྱུང་བའི་ཉི་མ་དོན་གྲུབ་ཀྱིས་རྟག་ཏུ་བསམ་བློ་གཏོང་བའི་གནད་དོན་ཞིག་རེད།
ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལོ་ངོ་བཅུ་གྲངས་རིང་བོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། གྲོང་ཁྱེར་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བར་དམིགས་ནས་2007ལོར་ཉི་མ་དོན་གྲུབ་ཀྱིས་འབྲོག་པ་6ཁྲིད་དེ་ཨར་ལས་རུ་ཁག་ཅིག་བཙུགས། 2008ལོའི་དབྱར་ཁར་སྲིད་གཞུང་གིས་མ་དངུལ་བཏང་ནས་སྒེར་རྩེ་རྫོང་གི་འབྲོག་པའི་ཚད་ལྡན་ཅན་གྱི་ལྷས་ར་བསྐྲུན་སྐབས་གྲོང་ཚོ་གཞན་དག་ཚང་མ་ཕྱི་ནས་ཨར་ལས་མི་སྣ་གླས་ཏེ་ལྷས་ར་བསྐྲུན་མོད། འོན་ཀྱང་འཆམ་གུག་གྲོང་ཚོ་ནི་གྲོང་མིས་འགན་འཁུར་ནས་བསྐྲུན་མཁན་དང་པོ་དེ་རེད། ལོ་དེར་འཆམ་གུག་གྲོང་ཚོར་ངལ་ནུས་ཡོང་འབབ་སྒོར་ཁྲི་15རག་པ་དང་དེ་ནི་གྲོང་ཚོ་ཡོངས་སུ་འབྲོག་ལས་ཕུད་པའི་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ཐེངས་དང་པོ་དེ་རེད།
འབྲོག་པ་མ་རྐང་འཇོག་མཁན་ཆགས་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
“སྒྱུར་བཅོས་ཚོད་ལྟའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་འབྲོག་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཆེད་ལམ་བུ་གསར་པ་ཞིག་གཏོད་ཀྱི་ཡིན”ཞེས་པ་དེ་ནི་2015ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བའི་ཉི་མ་དོན་གྲུབ་ཀྱིས་རྩ་འཛུགས་དང་གྲོང་མི་ཡོངས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད། སྐབས་དེ་དུས་མངའ་རིས་ས་ཁུལ་གྱིས་སྒེར་རྩེ་རྫོང་དུ་འབྲོག་ཁུལ་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་། ཉི་མ་དོན་གྲུབ་ཀྱིས་རང་འགུལ་ངང་འཆམ་གུག་གྲོང་ཚོ་དེ་ཚོད་ལྟའི་གྲོང་ཚོར་འཇོག་རྒྱུའི་རེ་ཞུ་བྱས། “སྐབས་དེ་དུས་ང་ཚོའི་གྲོང་ཚོར་གྲོང་མི་དབུལ་པོ་49ཡོད་པ་དང་དབུལ་པོ་ཡིན་ཚད་20%ཙམ་ཟིན་པས་འབྲོག་པ་ཚོས་སྔ་ཙམ་དབུལ་སྒྲོལ་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། གཞན་ཡང་གྲོང་ཚོ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་སྲ་ཞིང་བརྟན་ལ་ནུས་པ་ལྡན་པས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད”ཅེས་ཉི་མ་དོན་གྲུབ་ཀྱིས་བཤད།
ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་བརྟག་ཞིབ་མཐིལ་རྟོགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་འཆམ་གུག་གྲོང་ཚོས་ཐར་ཐོར་དུ་གནས་པའི་ཆེད་ལས་མཉམ་ལས་རྩ་འཛུགས“འཆམ་གུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང”དང་ཟླ་སྒྲིལ་བཏང་ནས་སྲིད་གཞུང་གིས་ཁྲིད་སྟོན་དང་མང་ཚོགས་རང་མོས་ཀྱི་རྩ་དོན་འོག གྲོང་ཚོ་ཡོངས་ཀྱི་འབྲོག་དུད་85%ཡིས་ཕྱུགས་རིགས་མ་རྐང་ནང་བཞག་པ་དང་། ངལ་རྩོལ་ནུས་ཤུགས་མ་རྐང་ནང་ཞུགས་པ། དུད་སྦྲེལ་ཕྱུགས་འཚོ། རྩྭ་ར་ནང་བཤུག་བཅས་ཀྱི་རྣམ་པར་བརྟེན་ནས་མཉམ་ལས་གཉེར་སྐྱོང་ནང་ཞུགས་ཏེ་ངལ་རྩོལ་ནུས་ཤུགས་དང་། རྩྭ་ར་དོ་དམ། ཕྱུགས་ལས་ཐོན་རྫས་ཉོ་ཚོང་སོགས“གཅིག་གྱུར་དྲུག”ལག་ལེན་བསྟར་ཏེ་དོན་དངོས་དང་མཐུན་པའི་འབྲོག་ལས་སྒྱུར་བཅོས་ཀྱི་རྣམ་པ་གསར་པ་བཏོད།
སྒྱུར་བཅོས་ཚོད་ལྟའི་ལོ་གསུམ་པར་གྲོང་ཚོ་ཡོངས་ཀྱི་ཡོང་འབབ་ལྡབ་གཅིག་འཕར་ཡོད། 2019ལོར་མཉམ་ལས་ཁང་ལ་ཡོང་འབབ་བསྡོམས་སྒོར་ཁྲི་531.9བྱུང་བ་དང་། ཁེ་བཟང་སྒོར་ཁྲི་389.6བྱུང་བ། མཉམ་ལས་ཁང་གི་ཧྲེ་ཡོན་མི་རེར་ཆ་སྙོམས་ཁེ་བཟང་བགོ་བཤའ་སྒོར་ཁྲི་5ལྷག་ཙམ་བརྒྱབ་ཡོད།
སྒྱུར་བཅོས་བྱེད་སྟངས་གསར་པས་འབྲོག་པ་ཚང་མ་མ་རྐང་འཇོག་མཁན་ཆགས་ནས་འབྲོག་དུད་དང་གྲོང་ཚོའི་གཉེར་སྐྱོང་བྱེད་པོའི“ཐོན་ལས་མཉམ་འབྲེལ”དང་། “མ་རྐང་དང་མི་སེམས་གཅིག་སྦྲེལ”ལ་སྐུལ་འདེད་ཐེབས་ཏེ་གྲོང་མིའི་མཉམ་སྡེབ་ཀྱི་འདུ་ཤེས་དང་། མཉམ་ལས་ཀྱི་འདུ་ཤེས། ཁྲོམ་རའི་འདུ་ཤེས་བཅས་ཟབ་ཏུ་ཕྱིན་ནས་དེ་སྔའི་ཁ་ཐོར་ཅན་དང་རགས་ལས་ཅན་གྱི་གཉེར་སྐྱོང་ནས་ལེགས་བསྡུས་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བར་འཕོ་འགྱུར་བྱུང་ཡོད།
ཉི་མ་དོན་གྲུབ་ཀྱིས“རྡོག་རྩ་གཅིག་ཏུ་བསྒྲིལ་ཚེ་སྟོབས་ཤུགས་དེ་བས་ཆེ་བ་ཡོང་ཐུབ”ཅེས་བཤད།
ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོཌ་ཕྱུག་འགྱུར་འབབ་འཕར་གྱི་གོམ་སྟབས་དེ་བས་མགྱོཌ་སུ་བཏང་བ།
2019ལོའི་ཟླ་དགུ་པར་འཆམ་གུག་གྲོང་ཚོ་དང་བར་ཐག་ཉེ་བའི་རྩྭ་ཐང་ཐོག་དེང་རབས་ཅན་གྱི་ཚགས་ཤ་དང་ལུག་ཤའི་འཁྱག་མཛོད་ཅིག་བསྐྲུན་ཡོད།
ཉི་མ་དོན་གྲུབ་ཀྱིས་བརྩོན་ལེན་བྱས་པ་བརྒྱུད་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་འཆམ་གུག་གྲོང་ཚོར་གྲང་ཕྲེང་ཟོག་འགྲེམས་ཐོན་ལས་རྟེན་གཞི་བཙུགས་ནས་ཕྱུགས་རིགས་དུས་བཞིར་བཤས་གཏོང་འཁྱག་ཉར་དང་ཟོག་འགྲེམས་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས་འབྲོག་ལས་ཐོན་རྫས་མགྱོགས་མྱུར་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་ཐུབ་པ་མ་ཟད། ད་དུང་ཕྱུགས་ཟོག་བཤས་གཏོང་ཚད་དང་ཕྱིར་ཚོང་བྱེད་ཚད་མང་དུ་ཕྱིན་ཡོད། དེ་དང་ཆབས་གཅིག་འོ་མ་ཤང་དང་མ་མིག་ཤང་2དང་གྲོང་ཚོ་6གི་ཕྱུཌ་ཟོག་བཤས་གཏོང་རྒྱུར་ཕན་པ་བསྐྲུན་ཡོད།
ཐོན་སྐྱེད་དང་གཉེར་སྐྱོང་ནས་ཕྱིར་ཚོང་བྱེད་པའི་བར་འཆམ་གུག་གྲོང་ཚོའི་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་རེ་རེ་བཞིན་ཤར་གཏོང་ཐུབ་ཡོད། “རྟེན་གཞི་དང་། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་འབྲེལ་བྱེད་སྟངས་བརྒྱུད་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6(སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཚུད་མེད)ཟིན་ནས་རྫོང་ཡོངས་ཀྱི་སྔོན་ལ་གྲོང་ཚོ་ཧྲིལ་པོ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། འདི་ནི་འཆམ་གུག་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་གལ་ཆེན་ཞིག་རེད།
“ཕྱུགས་ལས་སྒྱུར་བཅོས་ཀྱི་གྲོང་ཚོ་དང་པོ”ཡིན་པའི་ཆ་ནས། ཉི་མ་དོན་གྲུབ་ཀྱིས་གྲོང་མི་ཚོའི་སྣེ་ཁྲིད་དེ་བློ་ཁོག་ཆེན་པོས་འབྲོག་ལས་སྒྱུར་བཅོས་བྱས་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་དེ་བོད་ཡོངས་ཀྱི་འབྲོག་ཁུལ་དུ་ཁྱབ་གདལ་བཏང་ཡོད། 2018ལོར། ཉི་མ་དོན་གྲུབ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི“སྒྱུར་བཅོས་གདོང་ལེན”གྱི་མཚན་སྙན་གནང་བ་དང་2019ལོར་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང“འབད་འཐབ་པ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།